བཀའ་དྲུང་གསར་པས་བཀའ་དྲུང་གི་ལས་ཐམ་རྩིས་བཞེས་གནང་།

ཟླ་འདིའི་ཚེས་༡༠ ཉིན་གྱི་སྔ་དྲོར་བཀའ་དྲུང་གསར་རྙིང་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་སྟབས་བདེ་ཞིག་དྷ་ས་གངས་སྐྱིད་དུ་འཚོགས་པ་དང་། སྐབས་དེར་སྤྲོད་དཔང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ཕེབས་ཡོད་པ་རེད།

བཀའ་དྲུང་གསར་རྙིང་བར་བཀའ་ཐམ་དང་རྟགས་ཐམ། སེལ་ཐམ་བཅས་རྩིས་སྤྲོད་ལེན་བྱས་རྗེས། བཀའ་དྲུང་གསར་པའི་ངོས་ནས་འདས་པའི་ལོ་ངོ་༢༥ ལྷག་གི་རིང་དུ་བོད་མིའི་སྒྲིག་འཛུགས་ལ་ཞབས་ཞུ་གནང་བའི་ཉམས་མྱོང་ཡོད་པའི་ཐོག བཀའ་ཤག་གིས་ཐུགས་རེ་དང་ཡིད་ཆེས་བློ་འགེལ་གནང་ནས་བཀའ་དྲུང་ལ་བསྐོ་བཞག་གནང་བ་དེར་ཁོང་གིས་ཧུར་ཐག་བྱས་ནས་ཞབས་ཞུ་བསྒྲུབ་རྒྱུ་ཡིན་སྐོར་དང་། ལར་ནས་བཀའ་དྲུང་གཅིག་པུས་གང་ཡང་གནང་རྒྱུ་མེད་ཀྱང་གོང་གི་བཀའ་བློན་རྣམས་དང་འོག་གི་ལས་བྱེད་ཚོའི་དྲུང་ནས་ལམ་སྟོན་ཞུ་རྒྱུ་དང་གཡས་སྐྱོར་གཡོན་སྐྱོར་གྱིས་ལས་བྱེད་ཚོར་རམ་འདེགས་ཞུ་རྒྱུ་ཡིན་པར་གསུངས་འདུག
དེ་བཞིན་རྫོང་ཁ་སྟོབས་རྒྱལ་ཚེ་རིང་གིས་ལོ་ངོ་༤༤ ལྷག་གི་རིང་བོད་མིའི་སྒྲིག་འཛུགས་ལ་ཞབས་ཞུ་ཞུས་ནས་དེ་རིང་མར་ཐོན་འགྲོ་དུས་སེམས་དགའ་བ་དང་སྤོབས་པ་སྐྱེ་ཡི་ཡོད་པ་མ་ཟད། ལོ་ངོ་༢༥ ལྷག་བོད་མིའི་སྒྲིག་འཛུགས་ལ་ཞབས་ཞུ་བསྒྲུབས་པའི་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལ་ཁོང་གིས་རྩིས་སྤྲོད་བྱེད་སྐབས་སེམས་དགའ་བ་དང་སྤོབས་པ་ཡོང་གི་ཡོད་སྐོར།

ཁོང་གི་ལོ་ཚོད་གཅིག་པ་ཡིན་མཁན་ད་ལྟ་བོད་མིའི་སྒྲིག་འཛུགས་ལ་ཞབས་ཞུ་སྒྲུབ་བཞིན་པ་གསུམ་བཞི་མ་གཏོགས་མེད་པས། ཆུ་ཕྱིན་པ་ཡིན་ཡང་། ཟམ་པ་གནས་དགོས་ཞེས་བཤད་སྲོལ་ཡོད་པ་ལྟར་བོད་མིའི་སྒྲིག་འཛུགས་འདི་གལ་ཆེ་སྐོར་སོགས་དང་། གཞན་ཡང་སྒྲིག་འཛུགས་འདི་གནས་དང་མི་གནས་སྲི་ཞུ་བར་རག་ལས་པར་བརྟེན་སྲི་ཞུ་བ་གོང་མ་ཚོས་སྐུ་ལས་བསྐྱོན་པ་ལས་སྒྲིག་འཛུགས་འདི་ད་བར་ཧྲག་ཐག་ཐག་གནས་ཐུབ་པ་བྱུང་བ་དང་། ད་ལྟ་གཞོན་སྐྱེས་ཚོའི་སྒང་ལ་འགན་བབས་ཡོད་སྟབས་སྲི་ཞུ་བ་གཞོན་པ་ཚོས་ལྷག་བསམ་ཟོལ་མེད་ཀྱིས་ཧུར་ཐག་གནང་དགོས་གལ་ཆེ་ཚུལ་སོགས་གསུངས་འདུག

“བཀའ་ཐམ་སྲིད་ཞིའི་བདེ་སྐྱིད་ནི། ༧རྒྱལ་མཆོག་སྐུ་ཕྲེང་བདུན་པའི་སྐབས་བཟོ་གནང་བ་དང་། གཞུང་ནས་ལས་ཁུངས་ཁག་ལ་དགོས་དངུལ་གཏོང་ལེན་སྐབས་དང་། བཀོད་རྒྱ་ཁག ལམ་ཡིག་ཁག་ལ་བཀའ་ཐམ་སྲིད་ཞིའི་བདེ་སྐྱིད་བེད་སྤྱོད་གནང་གི་ཡོད་པ་དང་། རྟགས་ཐམ་ནི། ༧རྒྱལ་མཆོག་སྐུ་ཕྲེང་བདུན་པའི་སྐབས་བཟོས་པ་དང་། སྒོ་ཐེལ་རྒྱག་སྐབས་བེད་སྤྱོད་གནང་གི་ཡོད་པ་རེད།     སེལ་ཐམ་ནི། ༧རྒྱལ་མཆོག་སྐུ་ཕྲེང་བདུན་པའི་སྐབས་བཟོ་གནང་མཛད་པ་དང་། རྩིས་ཕྲ་ཁག་དང་བུ་ལོན་ཡིག་རིགས་ཁག དག་ཐེར་རམ་དག་སེལ་སྐབས་བེད་སྤྱོད་གནང་གི་ཡོད་”འདུག

ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་གྱིས་འདས་པའི་ལོ་ངོ་༢༥ ལྷག་གི་རིང་འཕྲོད་བསྟེན་དྲུང་ལས། དྲུང་གཞོན། དྲུང་ཆེ་སོགས་ཀྱི་འགན་བཞེས་ཡོད་པ་མ་ཟད་ས་གནས་འགོ་འཛིན་དང་སློབ་གྲྭའི་འགན་འཛིན། དེ་བཞིན་ཆོས་རིག་དྲུང་ཆེ་སོགས་ཀྱི་ལས་འགན་མི་འདྲ་བ་མང་པོ་བཞེས་ཏེ་ལྷ་བོད་མིའི་སྒྲིག་འཛུགས་ལ་ཞབས་ཞུ་གནང་ཡོད་འདུག །
གསར་འགོད་པ་བསྟན་འཛིན་ལམ་བཟང་།

 

Share this:
༧༤༠ ཀློག་གྲངས།