ཕྱི་ལོ་༢༠༡༨ ལོར་བཙོན་པ་སྲོག་ཐོག་བཏང་བ་ཉུང་དུ་ཕྱིན་འདུག

འདས་པའི་ལོ་བཅུ་གྲངས་ནང་ཐེངས་དང་པོར་འཛམ་གླིང་ནང་ལོ་རེར་བཙོན་པ་སྲོག་ཐོག་བཏང་བ་ཧ་གོ་བའི་ཁ་གྲངས་ཉུང་དུ་ཕྱིན་ཡོད་འདུག་ཀྱང་། རྒྱ་ནག་ནང་བཙོན་པ་ག་ཚོད་སྲོག་ཐོག་བཏང་ཡོད་པའི་ཁ་གྲངས་གསལ་པོ་ཤེས་ཐབས་མེད་པ་རེད་འདུག

ཟླ་༤ པའི་ཚེས་༡༠ ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བཏོན་པའི་སྙན་ཐོའི་ནང་། ཕྱི་ལོ་༢༠༡༨ ལོར་འཛམ་གླིང་གི་རྒྱལ་ཁབ་༢༠ ཡི་ནང་བཙོན་པ་གྲངས་ཧ་གོ་བ་༦༩༠ སྲོག་ཐོག་བཏང་ཡོད་འདུག་པ་དང་། ཁ་གྲངས་དེ་ནི་ཕྱི་ལོ་༢༠༡༧ ལོར་བཙོན་པ་གྲངས་༩༩༣ སྲོག་ཐོག་བཏང་བ་དང་བསྡུར་ན། བརྒྱ་ཆ་༣༡ ཉུང་དུ་ཕྱིན་ཡོད་འདུག དེ་བཞིན་ཕྱི་ལོ་༢༠༡༧ ལོའི་སྙན་ཐོ་ལྟར། རྒྱ་ནག་ནང་མི་སྟོང་ཕྲག་མང་པོ་སྲོག་ཐོག་བཏང་བར་ཆ་འཇོག་བྱེད་ཀྱི་ཡོད་ཀྱང་། སྲོག་ཐོག་བཏང་བའི་ཁ་གྲངས་དེ་རྒྱ་ནག་གཞུང་གི་གསང་བ་ཉར་གྱི་ཡོད་པར་བརྟེན་གསལ་པོ་ཤེས་ཐབས་མེད་པས། རྒྱ་ནག་ནི་འཛམ་གླིང་ནང་བཙོན་པ་སྲོག་ཐོག་མང་ཤོས་གཏོང་མཁན་ལ་ངོས་འཛིན་གྱིས། འཛམ་གླིང་ནང་སྲོག་ཐོག་བཏང་བའི་ཁ་གྲངས་ནང་བཅུག་མི་འདུག རྒྱ་ནག་གི་རྗེས་སུ་ཨི་རན་དང་། སུ་ཌི་ཨ་རབ། ཝི་ཏི་ནམ། ཨི་རག་བཅས་རིམ་བཞིན་སྲོག་ཐོག་གཏོང་མཁན་མང་ཤོས་ཡིན་འདུག

དེ་བཞིན་ཕྱི་ལོ་༢༠༡༨ ལོར་རྒྱལ་ཁབ་༥༤ ནང་སྲོག་ཐོག་ཁྲིམས་བཅད་འཕོག་མཁན་བཙོན་པ་ཧ་གོ་བ་གྲངས་༢༥༣༡ བྱུང་འདུག་པ་དང་། ཕྱི་ལོ་༢༠༡༧ ལོར་བཙོན་པ་ཧ་གོ་བ་གྲངས་༢༥༩༡ ལ་སྲོག་ཐོག་ཁྲིམས་བཅད་ཕོག་འདུག་པས། གྲངས་ཀ་༦༠ ཉུང་དུ་ཕྱིན་ཡོད་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་སྲོག་ཐོག་ཁྲིམས་ཆད་ཀྱི་སློབ་སྟོན་པས། ཕྱི་ལོ་༢༠༡༨ ལོའི་མཇུག་ཏུ་སྲོག་ཐོག་བཏང་བ་གྲངས་ཉུང་ཤོས་ཡིན་པ་དེ་སེམས་ཤུགས་སྐྱེས་བའི་རྒྱུ་ཞིག་ཡིན་ཡང་། གྲངས་ཀ་ཉུང་དུ་འགྲོ་བའི་རྒྱུ་རྐྱེན་ག་རེ་ཡིན་མིན་དང་། འབྱུང་འགྱུར་གྱི་ལོ་ཟླའི་ནང་གྲངས་ཀ་ཉུང་དུ་འགྲོ་རྒྱུ་དེ་རྒྱུན་སྲིང་ཐོབ་ཀྱི་ཡོད་མེད་བཤད་རྒྱུ་ཁག་པོ་ཆགས་ཡོད་སྐོར་བརྗོད་འདུག

ཨི་རན་རྒྱལ་ཁབ་ལ་ཆ་བཞག་ན་ཕྱི་ལོ་༢༠༡༨ ལོར་སྲོག་ཐོག་ཁྲིམས་ཆད་འཕོག་པར་མི་ཞིག་གི་ལག་ནས་སྨྱོ་རྫས་ཉུང་མཐར་ག་ཚོད་ལག་སོན་བྱུང་དགོས་མིན་གྱི་ཁྲིམས་ལ་བསྐྱར་བཅོས་བྱུང་ནས། སྨྱོ་རྫས་ཉུང་མཐར་ག་ཚོད་དགོས་མིན་གྱི་ཚད་གཞི་ཡར་སྤར་ཡོད་འདུག་པས། ཕྱི་ལོ་༢༠༡༧ ལོར་བཙོན་པ་༥༠༧ སྲོག་ཐོག་བཏང་ཡོད་ཀྱང་། ཕྱི་ལོ་༢༠༡༨ ལོར་བཙོན་པ་༢༥༣ སྲོག་ཐོག་བཏང་ཡོད་པས། བརྒྱ་ཆ་༥༠ ཡིས་ཉུང་དུ་ཕྱིན་ཡོད་འདུག འོན་ཀྱང་རྒྱལ་ཁབ་དེའི་ནང་བཙོན་པ་༧ ལོ་ངོ་༡༨ མ་ཟིན་པའི་སྔོན་གྱི་ནག་ཉེས་ལ་བརྟེན་ནས་སྲོག་ཐོག་བཏང་ཡོད་འདུག

ཕྱི་ལོ་༢༠༡༨ ལོའི་ཟླ་༡༢ པའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་། རྒྱལ་ཁབ་༡༢༡ ཀྱིས་སྲོག་ཐོག་ཁྲིམས་ཆད་དེ་མ་འོངས་པར་རྩ་མེད་བཟོ་ཆེད་དུ། ཁྲིམས་ཆད་དེ་གནས་སྐབས་མཚམས་འཇོག་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད་འདུག འོན་ཀྱང་ཁྲིམས་ཐོག་ནས་དངོས་སུ་སྲོག་ཐོག་ཁྲིམས་ཆད་དེ་རྩ་མེད་བཟོ་མཁན་རྒྱལ་ཁབ་༡༠༦ བྱུང་འདུག

རྒྱལ་སྤྱའི་ཉེས་ཡངས་ཚོགས་པའི་སྲོག་ཐོག་ཁྲིམས་ཆད་ཀྱི་སློབ་སྟོན་པས། ད་ལྟའི་ཆར་འཛམ་གླིང་ནང་སྲོག་ཐོག་ཁྲིམས་ཆད་ལག་བསྟར་བྱེད་མཁན་རྒྱལ་ཁབ་ནི་གྲངས་ཉུང་ཡིན་པས། འཛམ་གླིང་ཁྱོན་ཡོངས་ནས་ཁྲིམས་ཆད་དེ་རྩ་མེད་བཟོ་བར་ཐག་ཉེ་རུ་སླེབས་ཡོད་ཀྱང་། ད་ལྟ་སྲོག་ཐོག་ཁྲིམས་ཆད་འོག་གནས་ཡོད་པའི་བཙོན་པ་ཧ་གོ་བ་ཁྱོན་༡༩༠༠༠ ལས་མང་བ་ཡོད་པས། ཁྲིམས་ཆད་རྩ་མེད་བཟོ་ཆེད་དུ་ལས་དོན་མང་དུ་གཏོང་དགོས་པ་ཆགས་ཡོད་པས། སྲོག་ཐོག་ཁྲིམས་ཆད་ལག་བསྟར་བྱེད་མཁན་རྒྱལ་ཁབ་ཚོས་ཁྲིམས་ཆད་དེ་རྩ་མེད་གཏོང་བའི་དགོས་འདུན་འདོན་གྱི་ཡོད་སྐོར་བརྗོད་འདུག

ཕྱི་ལོ་༢༠༡༨ ལོར་སྲོག་ཐོག་བཏང་བའི་གྲངས་ཀ་ཉུང་དུ་ཕྱིན་ཡོད་ཀྱང་། ཕྱི་ལོ་༢༠༡༨ ལོར་སྲོག་ཐོག་ཁྲིམས་ཆད་བཅད་མཁན་རྒྱལ་ཁབ་༡༧ བྱུང་ནས། ཕྱི་ལོ་༢༠༡༧ དང་བསྡུར་ན་རྒྱལ་ཁབ་༢ མང་དུ་ཕྱིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Share this:
༦༧༦ ཀློག་གྲངས།