རྒྱ་གར་རྒྱལ་ཡོངས་ཀྱི་གྲོས་ཚོགས་འོས་བསྡུ་འགོ་བཙུགས་པ།

འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་དང་འོས་བསྡུའི་ལས་རིམ་ཆེ་ཤོས་ཡིན་པའི་རྒྱ་གར་རྒྱལ་ཁབ་ཀྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་དེ་དངོས་སུ་འགོ་བཙུགས་ཡོད་པ་དང་། ཐེངས་འདིའི་འོས་བསྡུའི་གྲུབ་དོན་གྱིས། ཕྱི་ལོ་༢༠༡༤ ལོ་ནས་རྒྱ་གར་གྱི་སྲིད་བློན་ལས་ཁུར་བྱེད་བཞིན་པའི་མཱོ་དྷི་ཡི་ལས་དོན་ལ་མི་མང་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་མེད་ཀྱི་རྣམ་པ་སྟོན་པའི་སྡིངས་ཆ་ཞིག་ཡིན་པ་རེད།

ཟླ་༤ པའི་ཚེས་༡༡ ཉིན་རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་རིམ་པ་དང་པོ་དེ་འགོ་བཙུགས་ཡོད་པ་དང་། རིམ་པ་དང་པོའི་ཉིན་ལ་འོས་འདེམས་ས་ཁུལ་༩༡ ནང་ལ་འོས་བསྡུ་བྱེད་ཀྱི་ཡོད་ཁར། ཟླ་༥ པའི་ཚེས་༡༩ བར་འོས་བསྡུའི་རིམ་པ་བདུན་འགྲོ་ཡི་ཡོད་པ་དང་། ཟླ་༥ པའི་ཚེས་༢༣ ཉིན་འོས་གྲངས་རྩིས་བཤེར་བྱེད་རྒྱུ་འགོ་བཙུགས་ཀྱི་ཡོད་ཀྱང་། ཉིན་དེར་རྒྱལ་ཁ་སུ་ལ་ཐོབ་སྲིད་མིན་ཚོད་དཔག་བྱེད་ཐུབ་ཀྱི་ཡོད་འདུག

ཐེངས་འདིའི་འོས་བསྡུའི་ནང་ཆ་རྐྱེན་ཚང་བའི་འོས་འཕེན་པ་ས་ཡ་༩༠༠ ལྷག་གིས་གྲོས་ཚོགས་འོག་མའི་འཐུས་མི་༥༤༣ འོས་འདེམས་བྱེད་ཀྱི་ཡོད་པ་དང་། འོས་འཕེན་པའི་ཁོངས་ལོ་ངོ་༡༨ དང་༡༩ སོན་པའི་གཞོན་སྐྱེས་གྲངས་ས་ཡ་༡༥ ཚུད་པའི་མི་མང་ས་ཡ་༨༤.༣ གྱིས་འོས་ཤོག་ཐེངས་དང་པོ་འཕེན་རྒྱུ་ཡིན་འདུག འོས་བསྡུའི་སྐབས་སུ་འོས་བསྡུའི་ལས་བྱེད་ས་ཡ་མང་པོས་འོས་བསྡུའི་ས་ཚིགས་ས་ཡ་གཅིག་ལས་མང་བར་སྟངས་འཛིན་བྱེད་རྒྱུ་རེད་འདུག

རྒྱ་གར་གྱི་གཞུང་འཛིན་ཚོགས་པ་ཆགས་པར་སྲིད་དོན་ཚོགས་པ་ཞིག་ལ་གྲོས་ཚོགས་རྐུབ་སྟེགས་༢༧༢ ལས་མི་ཉུང་བ་དགོས་ཀྱི་ཡོད་པ་དང་། གལ་ཏེ་གྲོས་ཚོགས་རྐུབ་སྟེགས་མང་ཤོས་ཐོབ་མཁན་གྱི་སྲིད་དོན་ཚོགས་པར་མང་མོས་ཆགས་པར་དགོས་ངེས་ཀྱི་རྐུབ་སྟེགས་མ་ཐོབ་ཚེ། སྲིད་དོན་ཚོགས་པ་ཆུང་བ་དང་ཟླ་སྒྲིལ་བྱས་ཏེ་གཞུང་འཛིན་ཚོགས་པ་བྱེད་ཀྱི་ཡོད་ཀྱང་། རྒྱུན་དུ་ནས་སྲིད་དོན་ཚོགས་པ་ཆེ་བ་དེའི་སྲིད་བློན་དམིགས་འཛུགས་བྱེད་ས་དེ་སྲིད་བློན་དུ་བསྐོ་གཞག་བྱེད་ཀྱི་ཡོད་པ་རེད། ཐེངས་འདིར་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་ནང་མངའ་སྡེ་ཁག་ནང་ས་གནས་ཀྱི་སྲིད་དོན་ཚོགས་པ་མང་པོ་ཡོད་ཀྱང་། རྒྱལ་ཡོངས་སུ་སྲིད་དོན་ཚོགས་པ་ཆེ་ཤོས་གཉིས་ནི་བྷི་ཇི་བྷི་དང་ཀོང་རི་སེ་གཉིས་ཡིན་པ་རེད།

ད་ལྟའི་སྲིད་བློན་མཱི་དྷི་ཡི་མི་ཚེའི་ལོ་རྒྱུས་ཐོག་གི་གློག་བརྙན་ཞིག རྒྱལ་ཡོངས་སུ་འགྲེམས་སྤེལ་དང་སྟོན་ཐབས་བྱེད་སྐབས། ཕྱོགས་འགལ་ཚོགས་པ་གཙོ་བོ་ཀོང་རི་སེ་ཡིས་འོས་བསྡུའི་སྐབས་སུ་གློག་བརྙན་དེ་འདྲ་ཞིག་བཟོས་པ་ནི་དྲིལ་བསྒྲགས་ལས་འགུལ་གྱི་སྒྲིག་ཁྲིམས་དང་འགལ་གྱི་ཡོད་སྐོར་བརྗོད་ནས་ངོ་རྒོལ་ཆེན་པོ་བྱས་པ་དང་། འགྲེམས་སྤེལ་བྱེད་རྒྱུ་ཕྱིར་འགྱངས་དགོས་པའི་དགོས་འདུན་ཐོག་དབུས་འོས་བསྡུ་ལས་ཁང་ལ་ཞུ་གཏུག་བྱས་ཡོད་པ་རེད། རྒྱ་གར་གྱི་དབུས་འོས་བསྡུ་ལས་ཁང་གིས། གློག་བརྙན་དེ་འོས་བསྡུ་མཇུག་མ་བསྒྲིལ་བར་དུ་བཀག་སྡོམ་བྱས་ཡོད་པ་རེད།

ཕྱི་ལོ་༢༠༡༤ ལོའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་སྐབས་སུ་བྷི་ཇི་བྷི་སྲིད་དོན་ཚོགས་པར་རྐུབ་སྟེགས་༢༨༢ ཐོབ་ནས་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད་དེ། སྲིད་དོན་ཚོགས་པ་དེའི་གཞུང་འཛིན་དུས་ཡུན་སྐབས་སུ་རྒྱ་གར་ནང་མི་མང་ལས་མེད་ཀྱི་གྲངས་འབོར་མང་དུ་ཕྱིན་པ། དངུལ་སྒོར་བརྗེ་བསྒྱུར་བྱས་པར་བརྟེན་ནས་ལྐོག་ཟ་རུལ་སུངས་བྱས་པའི་དངུལ་སྒོར་ཕལ་ཆེ་བ་ཕྱིར་ལོག་ཡོང་ཐུབ་མེད་ཁར། དཔལ་འབྱོར་ལ་གྱོང་གུད་ཆེན་པོ་བྱུང་བ། དེ་བཞིན་རྒྱ་གར་ནང་གི་ཞིང་པ་ཚོའི་བདེ་སྡུག་གི་གནས་སྟངས་སྡུག་ཏུ་ཕྱིན་ནས་རང་སྲོག་གཅོད་མཁན་མང་པོ་བྱུང་ནས། ངོ་རྒོལ་ལས་འགུལ་ཆེན་པོ་བྱུང་བ། དེ་བཞིན་ཧིན་རྡུ་ཆོས་ལུགས་ཀྱི་མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་མཁན་ཚོས་ཁ་ཆེ་དང་ཧིན་རྡུ་རིགས་དམན་པ་མང་པོ་ཞིག་ལ་བ་གླང་བསད་པའམ་གླང་ཤ་ཟོས་པའི་ཉེས་འཛུགས་འོག་རུབ་བསད་བྱས་པའི་གནས་ཚུལ་དང་། གཞུང་དང་བསམ་ཚུལ་ཁ་གཏད་འགྲོ་མཁན་གསར་འགོད་པ་བསད་པའམ་རུབ་རྡུང་བྱས་པ་སོགས་ཀྱི་གནས་ཚུལ་མང་པོ་བྱུང་ཡོད་པས། རྒྱ་གར་གྱི་སྒྱུ་སྩལ་བ་མང་པོ་ཞིག་གིས་དངོས་ཤུགས་བརྒྱུད་གསུམ་གྱིས་བྷི་ཇི་བྷི་ལ་འོས་ཤོག་མི་འཕེན་པའི་རེ་སྐུལ་གྱི་ཡོངས་གྲགས་ཡི་གེ་འགྲེམས་སྤེལ་བྱས་ཡོད་པས། ཐེངས་འདིར་འོས་བསྡུའི་རྒྱལ་ཁ་དེ་བྷི་ཇི་བྷི་ལ་སླར་ཡང་རྒྱལ་ཁ་ཐོབ་མིན་ཚོད་དཔག་བྱེད་རྒྱུ་ཁག་པོ་ཡིན་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༨༢༥ ཀློག་གྲངས།