སྦེལ་ཀོབ་ཏུ་གསར་འབྱོར་བོད་མིའི་སྡོད་ཁང་གསར་པ་༨༠ ལེགས་གྲུབ།

སྡོད་ཁང་ཐོབ་པའི་མི་ཚང་སུ་ཞིག་ཡིན་རུང་ཕྱོགས་གཞན་དུ་གནས་སྤོར་བྱས་ཚེ་ནང་ཁུལ་སྤྲོད་ལེན་མི་ཆོག་པར་ས་གནས་འགོ་འཛིན་ལ་རྩིས་སྤྲོད་བྱེད་དགོས་ཀྱི་ཡོད་འདུག
ཟླ་འདིའི་ཚེས་༡༠ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་གཞིས་ཁོངས་སུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ཀྱིས་བསྐྲུན་པའི་གསར་འབྱོར་བོད་མིའི་སྡོད་ཁང་གསར་པ་༨༠ ལེགས་གྲུབ་བྱུང་སྟེ་སྒོ་འབྱེད་གནང་འདུག་པ་དང་། མཛད་སྒོའི་དེའི་ཐོག་ནང་སྲིད་དྲུང་ཆེ་དབང་འདུས་དང་། ས་གནས་འགོ་འཛིན། ཉེ་འཁོར་གྱི་དགོན་སྡེ་དང་སློབ་གྲྭ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་སྦེལ་ཀོབ་གཞིས་གྲོང་ཁག་གི་མི་མང་བཅས་མཉམ་ཞུགས་གནང་ཡོད་འདུག
སྐབས་དེའི་སྐུ་མགྲོན་གཙོ་བོ་ནང་སྲིད་དྲུང་ཆེས་གསར་འབྱོར་བོད་མིའི་སྡོད་ཁང་གསར་པ་དབུ་འབྱེད་གནང་རྗེས་སྦེལ་ཀོབ་ལུགས་བསམ་གཞིས་གྲོང་བདུན་པ་ཞེས་གྲོང་མིང་བཏགས་ཡོད་འདུག སྡོད་ཁང་གསར་པ་དེ་དག་ཨ་རིའི་རོགས་ཚོགས་(PRM)དང་། སི་པན་བོད་ཀྱི་ཁང་པ། ཡུ་རོབ་རྒྱལ་ཁབ་(Luxembourg)གཞུང་། བོད་མིའི་སྒྲིག་འཛུགས་བཅས་ཀྱིས་མཐུན་འགྱུར་གནང་སྟེ་བསྐྲུན་པ་ཞིག་ཡིན་པ་དང་། ཁྱོན་བསྡོམས་ཧིན་སྒོར་༦༡༢༤༩༩༥༡ འགྲོ་སོང་བཏང་ཡོད་འདུག
ད་ལྟ་ཁང་པ་ཚང་མ་ལེགས་གྲུབ་བྱུང་ཡང་གློག་འཐེན་རྒྱུ་ཡོངས་སུ་མ་ཚར་བ་དེ་འདི་ལོའི་ཕྱི་ཟླ་༥ པའི་ནང་ཚུན་ཚར་བ་བྱ་རྒྱུ་ཡིན་སྐོར་ནང་སྲིད་དྲུང་ཆེས་གསུངས་ཡོད་འདུག
ཨར་ལས་དེ་དག་༢༠༡༤ ནང་འགོ་བཙུགས་པ་ནས་ད་བར་ལོ་༥ རིང་ས་གནས་འགོ་འཛིན་གསུམ་བརྒྱུད་ནས་མཇུག་སྐྱོང་གནང་ཡོད་འདུག་པ་དང་། གསར་དུ་ལེགས་གྲུབ་བྱུང་བའི་སྡོད་ཁང་དེ་དག་མི་གཅིག་སྡོད་ས་དང་མི་གཉིས་སྡོད་ས། དེ་བཞིན་མི་ལྔ་ནས་བརྒྱད་བར་སྡོད་ས་བཅས་ཆེ་ཆུང་གི་སྡེ་ཚན་མི་འདྲ་གསུམ་ཙམ་ཡོད་འདུག

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༦༠༥ ཀློག་གྲངས།