༧གོང་ས་མཆོག་སྨན་ཁང་ནས་ཕེབས་ཐོན་གནང་འདུག

རྒྱུན་གཏན་ལྟར་ཡག་པོ་དྲགས་སོང་བས་ཚང་མ་བློ་བདེ་བོ་བྱེད་རོགས་ཞེས་༧གོང་ས་མཆོག་གིས་གསུངས་སོང་།
དེ་རིང་སྟེ། ཟླ་འདིའི་ཚེས་༡༢ ཀྱི་ཞོགས་པར་༧གོང་ས་མཆོག་ལྡི་ལིའི་སྨན་ཁང་ནས་ཕེབས་ཐོན་གནང་འདུག་པ་དང་། སྐབས་དེར་གསར་འགོད་པ་རྣམས་ལ་བཀའ་ལན་གནང་དོན། “ང་མ་བདེ་བ་ཏོག་ཙམ་བྱུང་ནས་སྨན་ཁང་ལ་ཡོད་དུས་བོད་ཕྱི་ནང་གང་སར་ནས་དང་བོད་རིགས་ཙམ་མིན་པར་ང་ལ་མོས་པ་བྱེད་མཁན་ས་ཡ་མང་པོ་ཞིག་གིས་སྨོན་ལམ་བརྒྱབ་པ་དེ་འདྲ་བྱས་འདུག ཐུགས་ཆེ་རྗེ་ཞུ་རྒྱུ་ཡིན། དང་པོའི་རྐྱེན་རྩ་དེ་རྡོ་རྗེ་གདན་ལ་ཆམ་རིམས་ལྟ་བུ་མ་བདེ་བ་ཕྲན་བུ་བྱུང་བ་རེད། དེ་ཡར་མ་དྲགས་པར་བསྡད་པ་དེ། དེ་རིང་གློག་པར་བརྒྱབ། ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དུས་གློ་བ་ལ་ཕྲན་བུ་ཞིག་འདུག་ཟེར། ནད་ངོ་འཕྲོད་པ་ཡིན་དུས་སྨན་བཅོས་བྱེད་རྒྱུ་དེ་བྱས་ཤིང་། ད་ཕལ་ཆེར་རྒྱུན་ལྡན་ལྟ་བུ་ཞིག་རེད། ཡག་པོ་ཞེ་དྲག་དྲགས་སོང་། ད་ཚང་མ་ལ་བློ་བདེ་པོ་བྱེད་རོགས་གྱིས། ཁྱེད་རང་ཚོ་ཚང་མས་སེམས་ཁུར་གནང་། སྨོན་ལམ་བརྒྱབ་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་ཚོས་དགེ་བ་བསགས་་པ་དེ། ངས་བསྔོ་བ་བྱེད་ཀྱི་ཡིན་”ཞེས་འཇམ་དཔལ་དཔའ་བོ་གསུངས་ཏེ་བསྔོ་བ་གནང་སོང་། “དེ་རྗེས་ངའི་ལུས་པོའི་བདེ་ཐང་དང་ཚེ་ལ་ཁྱེད་རང་ཚོས་བསམ་པ་རྣམ་དག་གིས་སྨོན་ལམ་བརྒྱབ་པ་དེས་ཏན་ཏན་ཕན་ཐོགས་བྱུང་ཡོད་རེད་ཐུགས་རྗེ་ཆེ་ཞུ་གི་ཡིན”གསུངས་སོང་།
ཉེ་ཆར་༧གོང་ས་མཆོག་སཱི་ཤེས་ཡོན་བསླབ་གཞི་དབུ་འབྱེད་མཛད་སྒོར་ཕེབས་རྗེས་ཚེས་༨ ཉིན་དྷ་ས་བཞུགས་སྒར་དུ་ཞབས་སོར་འཁོད་རྗེས་སྐུ་གཟུགས་ཕྲན་བུ་མི་བདེ་བའི་རྐྱེན་གྱིས་ཚེས་༩ ཞོགས་པར་སྐུ་གཟུགས་བརྟག་དཔྱད་ཆེད་ལྡི་ལིར་MAX སྨན་ཁང་དུ་ཕེབས་དགོས་བྱུང་ཡོད་ཀྱང་། ད་ཆར་སྐུ་གཟུགས་སྔར་བཞིན་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་ཕེབས་ཐོན་གནང་ཡོད་པ་དང་། ཁ་སང་སྐུའི་བླ་སྨན་གྱིས་གསུངས་པ་ལྟར་ན་ཉིན་ཤས་རིང་ལྡི་ལིར་སྐུ་ངལ་གསོ་བཞིན་བཞུགས་རྒྱུ་ཡིན་འདུག །
གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༡༡༠༥ ཀློག་གྲངས།