རྒྱ་གར་གྱི་གློག་གི་འོས་སྒམ་འཕྲུལ་ཆས་ལ་སྐྱོན་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་རིམ་པ་དང་པོའི་སྐབས་སུ། འོས་འཕེན་པ་ཁག་ཅིག་གིས་གློག་གི་འོས་སྒམ་འཕྲུལ་ཆས་སུ་འོས་འཕེན་སྐབས། སྲིད་དོན་ཚོགས་པ་སུ་ལ་འོས་འཕངས་ཀྱང་འོས་དེ་བྷི་ཇི་བྷི་སྲིད་དོན་ཚོགས་པར་འགྲོ་ཡི་ཡོད་པའི་གནས་ཚུལ་ཞུ་གཏུག་བྱས་པ་དང་། མི་མང་ཁག་ཅིག་གིས་གནད་དོན་དེར་ངོ་རྒོལ་བྱས་པ་སོགས་ཀྱི་གནས་ཚུལ་ཁག་ཅིག་བྱུང་ཡོད་འདུག

ཟླ་༤ པའི་ཚེས་༡༢ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༤ པའི་ཚེས་༡༡ ཉིན་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་རིམ་དང་པོ་དེ་འགོ་བཙུགས་ཡོད་པ་དང་། སྐབས་དེར་ཨན་ཌ་ར་དང་མཱ་ཧཱ་ར་ཤི་ཀྲེ་ར། ཨུ་ཏར་ཀན་ཌ། ཇཱ་མུ་དང་ཀ་ཤི་མིར། བྷི་ཧར། ཨ་སམ། མཱ་ནི་པུར། ནུབ་བྷེན་གྷལ། ཨོ་ཌི་ཤ། ཡུ་པཱི་བཅས་ནས་འོས་འཕེན་པ་ཚོས། གློག་གི་འོས་སྒམ་འཕྲུལ་ཆས་ལ་སྐྱོན་ཡོད་པ་ཞུ་གཏུག་བྱས་ནས། འོས་ཤོག་འཕེན་རྒྱུ་ཕྱིར་འགྱངས་བྱེད་དགོས་འཁེལ་ཡོད་འདུག

དེ་ཡང་ཨ་སམ་གྱི་ཏེ་ཛེ་པུར་དང་མེ་གྷ་ལ་ཡའི་ཤི་ལོང་ས་གནས་སུ། འོས་འཕེན་པ་ཁག་ཅིག་གིས་གློག་གི་འོས་སྒམ་འཕྲུལ་ཆས་ཐོག་ཏུ་སྲིད་དོན་ཚོགས་པ་གཞན་ལ་འོས་འཕངས་ཀྱང་། འོས་དེ་བྷི་ཇི་བྷི་སྲིད་དོན་ཚོགས་པར་འགྲོ་ཡི་ཡོད་པའི་ཞུ་གཏུག་བྱས་ཡོད་འདུག འོན་ཀྱང་ཁུལ་དེ་གཉིས་ཀྱི་འོས་བསྡུ་ལས་ཁང་གི་ཚོགས་གཙོས་གནས་ཚུལ་དེ་གཉིས་རྫུན་མ་ཡིན་སྐོར་བརྗོད་འདུག དེ་བཞིན་ཡུ་པཱི་མངའ་སྡེའི་གྲོང་ཁྱེར་མཱི་རུ་ཌ་ནང་དུ་འོས་འཕེན་པ་ཞིག་གིས། སྲིད་དོན་ཚོགས་པ་གཞན་ཞིག་ལ་འོས་འཕངས་སྐབས་འོས་དེ་བྷི་ཇི་བྷི་ལ་འགྲོ་ཡི་ཡོད་པའི་བརྙན་ཐུང་བཟོས་ནས་དཔང་རྟགས་བྱས་འདུག སྐབས་དེར་འོས་བསྡུ་ལས་ཁང་གི་ལས་བྱེད་པ་ཚོས་འཕྲུལ་ཆས་དེར་སྐྱོན་ཆ་ཡོད་སྐོར་བརྗོད་ནས། འཕྲུལ་ཆས་དེའི་བརྗེ་ཚབ་གཞན་ཞིག་སྒྲིག་འཇོག་བྱས་འདུག་ཀྱང་། སྲིད་དོན་ཚོགས་པ་གཞན་ཚོས་འཕྲུལ་ཆས་དེར་སྔོན་ཚུད་ནས་འཇབ་རྒོལ་བྱས་ཏེ་འོས་ཤོག་བླུགས་པ་རྣམས་རང་བཞིན་གྱིས་བྷི་ཇི་བྷི་ལ་འགྲོ་རྒྱུའི་ཆ་རྐྱེན་བསྐྲུན་ཡོད་པའི་སྐྱོན་བརྗོད་བྱས་འདུག སྐབས་དེར་སྲིད་དོན་ཚོགས་པ་གཞན་ཞིག་གིས་བརྙན་ཐུང་དེ་དང་མཉམ་དུ་འོས་བསྡུ་ལས་ཁང་ལ་ཞུ་གཏུག་བྱས་འདུག་ཀྱང་། གནད་དོན་དེའི་སྐོར་ཐག་གཅོད་ཐུབ་མེད་པ་རེད།

གློག་གི་འོས་སྒམ་འཕྲུལ་ཆས་མང་པོ་ཞིག་ལ་སྐྱོན་ཆ་ཡོད་པའི་གནས་ཚུལ་མང་པོ་ཐོན་ཡོད་པ་མ་ཟད། འཕྲུལ་ཆས་ཁག་ཅིག་ཐོག་ཏུ་སྲིད་དོན་ཚོགས་པ་ཁག་ཅིག་གི་འོས་རྟགས་མེད་པའི་གནས་ཚུལ་བྱུང་འདུག དེ་ཡང་ཨ་སམ་གྱི་ས་གནས་ཤིག་ཏུ། གློག་གི་འོས་སྒམ་འཕྲུལ་ཆས་ཐོག་ཏུ་ཕྱོགས་འགལ་ཚོགས་པ་གཙོ་བོ་ཀོང་རེ་སིའི་འོས་རྟགས་མེད་པའི་གནས་ཚུལ་ཞུ་གཏུག་བྱས་ཡོད་ཁར། ས་གནས་གཞན་ཞིག་ལ་སྲིད་དོན་ཚོགས་པ་གཅིག་ལ་འོས་འཕེན་པའི་གློག་སྣོན་གྱི་ལས་ཀ་བྱེད་ཀྱི་མེད་སྐོར་གྱི་ཞུ་གཏུག་བྱེད་མཁན་ཡང་བྱུང་འདུག

དེ་སྔོན་ཡུ་པཱི་མངའ་སྡེའི་གྲོས་ཚོགས་འོས་བསྡུའི་སྐབས་སུ། བྷི་ཇི་བྷི་སྲིད་དོན་ཚོགས་པར་རྐུབ་སྟེགས་༤༠༣ ནས་༣༢༥ ཐོབ་ཡོད་པ་དང་། སྐབས་དེར་ཕྱོགས་འགལ་ཚོགས་པ་ཚོས་གློག་གི་འོས་སྒམ་འཕྲུལ་ཆས་ལ་འཇབ་རྒོལ་བྱས་ཡོད་པའི་སྐྱོན་བརྗོད་ཤུགས་ཆེན་བྱས་པར་བརྟེན། དབུས་འོས་བསྡུ་ལས་ཁང་གིས་འོས་སྒམ་འཕྲུལ་ཆས་རྣམས་འཇབ་རྒོལ་བྱེད་ཐུབ་ཐབས་མེད་སྐོར་བརྗོད་ཡོད་པ་དང་། རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་སྔོན་དུ་ཡང་འོས་སྒམ་འཕྲུལ་ཆས་ལ་སྐྱོན་ཆ་མེད་ཁར་འཇབ་རྒོལ་ཡང་བྱེད་ཐུབ་ཐབས་མེད་པའི་གསལ་བསྒྲགས་བྱས་འདུག་ཀྱང་། འོས་བསྡུའི་རིམ་དང་པོའི་ཉིན་ལ་འོས་སྒམ་འཕྲུལ་ཆས་ལ་སྐྱོན་ཆ་ཡོད་པའི་གནས་ཚུལ་མང་པོ་ཞིག་ཐོན་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༩༦༣ ཀློག་གྲངས།