༸གོང་ས་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་ཕུལ་དགོས་པའི་སྙན་ཞུ་ཕུལ།

རྒྱ་གར་གྱི་དཔོན་རིགས་ཁག་ཅིག་གིས་༧གོང་ས་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་ཕུལ་དགོས་པའི་སྙན་ཞུ་གཞུང་ལ་ཕུལ་བ་དང་། གྲོས་ཚོགས་འཐུས་མི་ཉིས་བརྒྱས་རྒྱབ་སྐྱོར་གྱི་མཚན་རྟགས་བརྒྱབ་ཏེ། གསར་ལམ་ཁག་ཏུ་བཀྲམ་འདུག

ཟླ་འདིའི་ཚེས་༡༥ ཉིན་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཤན་ཏཱ་ཀུ་མཱར་(Shanta Kumar) ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་དང་། “རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས། རྒྱ་གར་དབུས་གཞུང་ལ་བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་བྷཱ་རཏ་རཏྣཱ་(Bharat Ratna) ཞེས་པ་འབུལ་ལམ་ཞུ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག དེའི་ནང་རྒྱ་གར་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་འདྲ་མིན་ནས་ཁྱོན་གྲོས་ཚོགས་འཐུས་མི་ ༢༠༠ ཞུ་ཡིག་ཐོག་མཚན་རྟགས་བཀོད་ནས་རྒྱ་གར་ནང་སྲིད་བློན་ཆེན་སྐུ་ཞབས་རཱཇ་ནཱཐ་སིངྒ་(Rajnath Singh)ལ་ཕུལ་ཡོད་པ་རེད།

དེ་ཡང་སྐུ་ཞབས་ཤན་ཏཱ་ཀུ་མཱར་གྱིས་གསུང་དོན། “བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འདས་པའི་མི་ལོ་དྲུག་ཅུ་ལྷག་རིང་འཚེ་མེད་ཞི་བའི་ལམ་ནས་བོད་མིའི་བདེན་པའི་འཐབ་རྩོད་ཀྱི་སྣེ་ཁྲིད་མཛད་ཡོད། ཁོང་གི་ཡང་དག་པའི་མཛད་བཟང་ལ་རྒྱལ་སྤྱིའི་ཁྱོན་ནས་ངོས་འཛིན་ཞུས་པ་དང་། ལྷག་པར་ཕྱི་ལོ་༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པར་བརྟེན། ཐེངས་འདིར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བསམ་གཞིག་ནན་པོ་བཏང་རྗེས་བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་གཟེངས་རྟགས་འདི་བཞིན་མགྱོགས་མྱུར་འབུལ་ལམ་ཞུ་དགོས་པའི་རེ་འདུན་འདོན་བཞིན་ཡོད་”ཅེས་གསུངས་འདུག
དེ་སྔ་ནུབ་བྷེང་གྷལ་མངའ་སྡེའི་སྲིད་སྐྱོང་ཟུར་པ་སྐུ་ཞབས་གྷོ་པཱལ་ཀྲཱིཤཎ་གཱན་དྷི་(Gopal Krishna Gandhi) ཡིས་“ཏཱ་ལའི་བླ་མ་ནི་རྒྱ་གར་ལ་ཉེ་བར་མཁོ་བ་ཞིག་ཡིན་” ཞེས་པའི་རྩོམ་ཡིག་ཞིག་རྒྱ་གར་ཧིན་སྐད་གསར་ཤོག་སྡེ་ནིག་ཇཱགརན་ Dainik Jagran  ཞེས་པའི་ནང་འདོན་སྤེལ་གནང་སྟེ། རྒྱ་གར་གཞུང་གིས་རྒྱ་ནག་གི་གནོན་ཤུགས་དང་སྡིགས་རར་མ་འཛེམས་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མགྱོགས་མྱུར་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་བྷཱརཏ་རཏྣཱ་འབུལ་ལམ་ཞུ་དགོས་པའི་བསམ་ཚུལ་བཏོན་པ་དེར།  རྒྱ་གར་བྱང་ཕྱོགས་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མཱར་(Nitish Kumar) གྱིས་ཊུ་ཝི་ཊར་བརྒྱུད་མཐའ་གཅིག་ཏུ་རྒྱབ་སྐྱོར་སྐོར་གསུངས་འདུག
ཕྱི་ཟླ་༤ ཚེས་ ༡༤ ཉིན་རྒྱ་གར་དུས་བབ་གསར་འགྱུར་ལས་ཁང་གི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བ་ལྟར་ན། ནི་ཏི་ཤི་ཀུ་མཱར་གྱིས་“ངས་སྐུ་ཞབས་གྷོ་པཱལ་ཀྲཱིཤཎ་གཱན་དྷིའི་རྩོམ་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། བྱམས་པ་དང་བརྩེ་བ། མཐུན་སྒྲིལ། འཛམ་གླིང་ཞི་བདེ་ཟེར་བའི་རིན་ཐང་དེ་དག་གོང་མཐོར་གཏོང་རྒྱུའི་ཐད་རྒྱ་གར་ཡུལ་འདི་གཞན་དང་འགྲན་ཟླ་བྲལ་བ་ཞིག་རེད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཟང་སྤྱོད་ཀྱི་ལྟ་གྲུབ་དེ་དག་ཐོག་མུ་མཐུད་ལམ་སྟོན་མཛད་དགོས་པ་ང་ཚོར་ཧ་ཅང་དགོས་གལ་ཆེན་པོ་འདུག ” ཅེས་འཁོད་འདུག  དེ་ཡང་རྒྱ་གར་ཧིན་སྐད་གསར་ཤོག་སྡེ་ནིག་ཇཱགརན་ Dainik Jagran  ནང་སྤེལ་བའི་རྩོམ་ཡིག་དེའི་ནང་འཁོད་དོན། “བོད་དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་པ་རྒྱ་གར་གཞུང་གིས་ཁས་ལེན་གནང་ཟིན་པ་དང་།  ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་རྩོད་ཀྱི་མེད་སྟབས།  རྒྱ་གར་གཞུང་གིས་གཟེངས་རྟགས་དེ་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་འབུལ་ལམ་ཞུ་རྒྱུར་ཐེ་ཚོམ་གནང་དགོས་དོན་གང་ཡང་མེད། འོན་ཀྱང་ད་བར་གཟེངས་རྟགས་དེ་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་འབུལ་ལམ་ཞུ་མི་དགོས་པའི་རྒྱུ་མཚན་གང་ཡིན་ནམ་”ཞེས་སོགས་འཁོད་པ་མ་ཟད། གཞན་ཡང་རྩོམ་ཡིག་དེའི་ནང་དུ་“༸གོང་ས་ཏཱ་ལའི་བླ་མ་མཆོག་ས་གནས་གང་དུ་ཆིབས་སྒྱུར་བསྐྱང་སྐབས་ནང་པའི་དད་ལྡན་པ་ཚོས་སངས་རྒྱས་སྐུ་དངོས་སུ་ཕེབས་པར་ངོས་འཛིན་ཞུ་ཐུབ་ཀྱང་ང་ཚོས་དེ་ལྟར་ཞུ་མི་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ།   གཟེངས་རྟགས་དེ་བཞིན་དེ་སྔ་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་སྐུ་ཞབས་ནེལ་སོན་མན་ཌེ་ལ་དང་ཡེ་ཤུའི་ཆོས་པ་ཨ་མ་ཏེ་རེ་ས། རྒྱ་གར་རང་བཙན་འཐབ་རྩོད་པ་ཁཱན་ཨབ་དུལ་གྷ་ཕར་ཁཱན་(Khan Abdul Ghaffar Khan) ལྟ་བུར་ཕུལ་ཡོད་པ་རེད། འོན་ཀྱང་ད་བར་ཏཱ་ལའི་བླ་མར་འབུལ་ལམ་ཞུ་མ་ཐུབ་པ་དེ་ཁོང་གིས་ནག་ཉེས་གང་བསགས་པས་ཡིན། ཁོང་ལ་ཆེས་བསྟོད་ཀྱི་གཟེངས་རྟགས་འབུལ་ལམ་ཞུ་མ་ཐུབ་པ་དེའི་གྱོང་གུན་ང་ཚོར་ཕོག་རྒྱུ་མ་གཏོགས་ཁོང་ལ་གྱོང་གུད་གང་ཡང་མེད་”ཅེས་སོགས་འཁོད་ཡོད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༠༦༩ ཀློག་གྲངས།