ཧྥ་རན་སིའི་ལྷ་ཁང་ཆེན་མོ་སྔོན་མ་ལས་ཡིད་དུ་འོང་བ་ཞིག་བསྐྱར་གསོ་བྱེད་རྒྱུ་ཡིན་ཟེར།

ལོ་ངོ་༨༥༠ ལས་མང་བ་སོང་བའི་ཧྥ་རན་སིའི་རྒྱལ་ས་པཱེ་རི་སིར་ཡོད་པའི་ཡི་ཤུ་ཁེ་ཐོ་ལེག་གི་ལྷ་ཁང་ཆེན་མོ་ནོར་ཀྲེ་ཌམ་ལྷ་ཁང་ལ་མེ་སྐྱོན་བྱུང་རྗེས། རྒྱལ་ཁབ་དེའི་སྲིད་འཛིན་གྱིས་ལྷ་ཁང་དེ་བསྐྱར་གསོ་བྱས་ཏེ་སྔོན་མ་ལས་ཡིད་དུ་འོང་བ་ཆགས་རྒྱུ་ཡིན་སྐོར་དང་། དེ་ཡང་ལོ་ལྔའི་ནང་བསྐྱར་གསོ་བྱེད་ཐུབ་པ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག་ཀྱང་། ཆེད་ལས་པ་ཁག་ཅིག་གིས་བསྐྱར་གསོའི་དུས་ཡུན་དེ་ལོ་བཅུ་དང་བཅོ་ལྔ་བར་འགོར་རྒྱུ་ཡིན་སྐོར་བརྗོད་འདུག

དེ་ཡང་ཟླ་༤ པའི་ཚེས་༡༥ ཉིན་ཧྥ་རན་སིའི་རྒྱལ་ས་པཱེ་རི་སིར་ཆགས་པའི་ནོར་ཀྲེ་ཌམ་ཡེ་ཤུ་ཁེ་ཐོ་ལེག་གི་ལྷ་ཁང་ཆེན་མོ་མེ་སྐྱོན་བྱུང་ཡོད་པ་དང་། མེ་གསོད་རུ་ཁག་གི་མི་༤༠༠ ཡིས་མེ་གསོད་ལས་དོན་ལ་ཞུགས་ནས་ཆུ་ཚོད་༡༥ ཡི་རྗེས་སུ་མེ་བསད་ཐུབ་པ་བྱུང་ཡོད་པ་རེད། ལྷ་ཁང་དེ་ཧྥ་རན་སིའི་གནའ་བོའི་འཛུགས་སྐྲུན་གྱི་ལྷ་ཁང་རྙིང་པ་ཞིག་ཡིན་ཁར། ཡུལ་སྐོར་སྤྲོ་འཆམ་པ་མང་ཤོས་ཡོང་ས་ཞིག་ཡིན་པ་རེད། དེའི་ཐོག་ཧྥ་རན་སིའི་མི་མང་གིས་སེམས་ནང་རྒྱལ་ཁབ་དེའི་མཚོན་དོན་དུ་འཛིན་བཞིན་པའི་ལྷ་ཁང་ཞིག་ཡིན་པས། སྐབས་དེར་མི་སེར་མང་པོ་ཞིག་གིས་སེམས་ལ་སྐྱོ་བ་ཆེན་པོའི་རྣམ་འགྱུར་བསྟན་ཡོད་ཁར། ཧྥ་རན་སིའི་གཞུང་དང་མི་མང་ངོས་ནས་མེ་གསོད་རུ་ཁག་གི་ལས་དོན་བྱེད་ཕྱོགས་ལ་བསྟོད་བསྔགས་ཆེན་མོ་བྱེད་བཞིན་འདུག

ཟླ་༤ པའི་ཚེས་༡༦ ཉིན་རྒྱལ་ཁབ་དེའི་སྲིད་འཛིན་མཱེར་ཁོན་གྱིས་བརྙན་འཕྲིན་བརྒྱུད་ནས། ལོ་ལྔའི་ནང་ཚུད་དེ་ཕྱི་ལོ་༢༠༢༤ ལོར་པེ་རི་སིར་འཚོག་རྒྱུ་ཡིན་པའི་ཨོ་རྩལ་འགྲན་ཚོགས་ཀྱི་དུས་ཚོད་མ་སླེབས་པའི་སྔོན་དུ། ལྷ་ཁང་ཆེན་མོ་དེ་བསྐྱར་གསོ་བྱེད་ཚར་བ་བྱེད་རྒྱུ་དང་། ལྷ་ཁང་དེ་སྔོན་མ་ལས་ཡིད་དུ་འོང་བ་བསྐྱར་གསོ་བྱེད་ཐུབ་རྒྱུ་ཡིན་པ་དང་། དེ་བཞིན་ཁོང་གིས་མེ་སྐྱོན་གྱི་གནོད་འཚེ་དེ་ལ་བརྟེན་ནས་ཧྥ་རན་སིའི་མི་མང་རྣམས་མཉམ་སྒྲིལ་གྱིས་བསྐྱར་གསོའི་ལས་དོན་ལ་འཇུག་པའི་གོ་སྐབས་བསྐྲུན་མི་བསྐྲུན་དེ་མི་མང་གི་ལག་ལ་ཡོད་སྐོར་བརྗོད་འདུག ཁོང་གིས་རྒྱལ་སྤྱིའི་ཁྱོན་ཡོངས་ནས་བསྐྱར་གསོའི་ལས་དོན་ཆེད་དུ་ཞལ་འདེབས་བསྡུ་རུབ་ཀྱི་ལས་དོན་སྤེལ་རྒྱུ་ཡིན་པའི་ཁས་ལེན་བྱས་འདུག

ད་ལྟའི་ཆར་ཧྥ་རན་སིའི་ཕྱུག་བདག་དང་ཚོང་ལས་ཁང་ཆེན་མོ་ཁག་ཅིག་གིས་ཁྱོན་བསྡོམས་ཨ་སྒོར་ས་ཡ་༩༠༢ ལྷ་ཁང་ཆེན་མོ་དེ་བསྐྱར་གསོ་བྱེད་པའི་ལས་དོན་ཆེན་ཞལ་འདེབས་སྤྲོད་རྒྱུ་གསལ་བསྒྲགས་བྱས་ཟིན་འདུག

ལྷ་ཁང་དེའི་ཐོག་ཁེབས་མང་ཆེ་བ་གཏོར་སྐྱོན་སོང་འདུག་པ་དང་ནང་དུ་ཡང་གཏོར་སྐྱོན་ཆེན་པོ་བྱུང་ཡོད་པས། ད་ལྟའི་ཆར་གཏོར་སྐྱོན་གྱི་ཚད་གཞི་དངུལ་འབོར་ག་ཚོད་སོང་ཡོད་མེད་ཚོད་དཔག་བྱེད་དཀའ་བ་རེད་འདུག སྲིད་འཛིན་མཱེར་ཁོན་གྱིས་ལྷ་ཁང་དེ་ལོ་ལྔའི་ནང་བསྐྱར་གསོ་བྱེད་ཐུབ་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་། ལོ་ངོ་༡༠༠༠ སོང་བའི་ཧྥ་རན་སིའི་གྲོང་ཁྱེར་སཱེ་ཀྲེ་སེ་བྷག་གི་ལྷ་ཁང་ཆེན་མོ་ཉམས་གསོ་བྱེད་མཁན་རུ་ཁག་གི་འགན་འཛིན་གྱིས། ནོར་ཀྲེ་ཌམ་ལྷ་ཁང་ཆེན་མོ་དེ་བསྐྱར་གསོ་བྱེད་པར་ལོ་བཅུ་ཕྲག་འགོར་སྲིད་སྐོར་བརྗོད་ཡོད་ཁར། གནའ་བོའི་ལོ་རྒྱུས་ལྡན་པའི་ལྷ་ཁང་སོགས་ཉམས་གསོ་བྱེད་མཁན་གྱི་ཚོང་ལས་ཁང་ཞིག་གི་འགན་འཛིན་གྱིས་ལྷ་ཁང་དེ་བསྐྱར་གསོ་བྱེད་པར་ལོ་ངོ་༡༠ དང་༡༥ བར་འགོར་རྒྱུ་ཡིན་སྐོར་བརྗོད་འདུག

ད་ལྟའི་ཆར་ལྷ་ཁང་ཆེན་མོར་མེ་སྐྱོན་བྱུང་བ་དེ་ཆེད་དུ་མངགས་ནས་མེ་སྤར་བ་མིན་པ་ཡིན་སྐོར་གཞུང་གི་ཁྲིམས་རྩོད་པ་ཞིག་གིས་བརྗོད་འདུག་པ་དང་། འབྲེལ་ཡོད་རྟོག་ཞིབ་པ་མི་གྲངས་༥༠ ལྷག་གིས། ལྷ་ཁང་ལ་མེ་སྐྱོན་མ་བྱུང་བའི་སྔོན་དུ་གཞི་རྒྱ་ཆེ་བའི་ཉམས་གསོའི་ལས་དོན་ལ་འཇུག་བཞིན་པའི་ཚོང་ལས་ཁང་ལྔ་ལ་དྲི་རྩད་བྱེད་བཞིན་ཡོད་འདུག་པ་དང་། མེ་སྐྱོན་དེ་ཉམས་གསོའི་ལས་དོན་དང་འབྲེལ་ནས་བྱུང་བའི་རྐྱེན་ངན་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་འདུག

མེ་སྐྱོན་ཁྲོད་རྩ་ཆེའི་རི་མོ་དང་ཆོས་ཕྱོགས་ཀྱི་ཅ་དངོས་མང་པོ་ཞིག་ཉེན་སྐྱོབ་བྱེད་ཐུབ་པ་བྱུང་འདུག་པ་དང་། ལྷ་ཁང་དེ་མི་མང་ཆེད་དུ་སྒོ་ཕྱེ་མིན་ཤོད་ཚོད་དཀའ་བ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༡༩༢ ཀློག་གྲངས།