གསར་འགོད་པ་ཚོར་རང་བཙན་ལས་འགུལ་ཐོག་གནས་ཚུལ་སྤེལ་རྒྱུར་གནོན་ཤུགས།

ཧོང་ཀོང་ནང་གི་གསར་འགོད་པ་ཚོས་ཧོང་ཀོང་གི་རང་བཙན་ལས་འགུལ་ཐོག་གནས་ཚུལ་སྤེལ་སྐབས། གནོན་ཤུགས་སྤྲད་ནས་གནས་ཚུལ་བཀག་འགོག་གམ། གནས་ཚུལ་དེ་རིགས་སྤེལ་བ་ཉུང་དུ་གཏོང་དགོས་པའི་གནོན་ཤུགས་སླེབས་ཡོད་འདུག

ཟླ་༤ པའི་ཚེས་༡༧ ཉིན་ཧོང་ཀོང་རང་དབང་གསར་ཤོག་ཐོག་ཏུ་གནས་ཚུལ་སྤེལ་གསལ། འདི་ལོའི་ཟླ་༡ པོ་དང་༢ པའི་ནང་གསར་འགོད་པ་༥༣༥ དང་མི་མང་༡༠༠༣ ལ་ཧོང་ཀོང་གཙུག་ལག་སློབ་གཉེར་ཁང་གིས། མི་མང་གི་བསམ་ཚུལ་བསྡུ་ལེན་གྱི་ཉམས་ཞིབ་ལས་འཆར་འོག་ཕྱི་ལོ་༢༠༡༨ ལོའི་གསར་འགོད་རང་དབང་ཐོག་ཉམས་ཞིབ་བྱས་འདུག་པ་དང་། ཉམས་ཞིབ་ཀྱི་སྙན་ཐོ་དེའི་གྲུབ་དོན་ཧོང་ཀོང་གི་གསར་འགོད་མཐུན་ཚོགས་ཀྱིས་གསལ་བསྒྲགས་བྱས་འདུག གསར་འགོད་རང་དབང་ཐོག་གི་བསམ་ཚུལ་བསྡུ་ལེན་གྱི་ཉམས་ཞིབ་དེ་ཕྱི་ལོ་༢༠༡༣ ལོར་འགོ་འཛུགས་བྱས་ཡོད་འདུག་པ་དང་། དེའི་ནང་གསར་འགོད་པ་དང་མི་མང་གིས་ཧོང་ཀོང་ནང་གི་གསར་འགོད་རང་དབང་ཐོག་བསམ་ཚུལ་དང་བརྒྱ་ཆ་སྤྲོད་ཀྱི་ཡོད་འདུག

ལོ་སྔོན་མའི་ཞིབ་འཇུག་ནང་མི་མང་གིས་ཧོང་ཀོང་ནང་གི་གསར་འགོད་རང་དབང་ལ་བརྒྱ་ཆ་༡༠༠ ནས་༤༧.༡ སྤྲད་ཡོད་ཀྱང་། ཐེངས་འདིའི་ཞིབ་འཇུག་ནང་བརྒྱ་ཆ་༤༥ སྤྲད་འདུག དེ་བཞིན་གསར་འགོད་པ་ཚོས་ལོ་སྔོན་མར་བརྒྱ་ཆ་༤༠.༩ སྤྲད་འདུག་པ་དེ་ལོ་སྔོན་མའི་ཉམས་ཞིབ་དང་བསྡུར་ན་ཏོག་ཙམ་ཡར་འཕར་ཡོད་འདུག་ཀྱང་། བསམ་ཚུལ་བསྡུ་ལེན་གྱི་ཉམས་ཞིབ་ལས་འཆར་དེའི་འགན་འཛིན་པཱང་གིས་བརྒྱ་ཆ་ཏོག་ཙམ་ཡར་འཕར་བ་དེ་གྲངས་ཀའི་ཆ་ནས་ཁྱད་པར་ཆེན་པོ་མིན་པས། ལོ་སྔོན་མ་དང་གཅིག་མཚུངས་ཡིན་སྐོར་བརྗོད་འདུག

ཉམས་ཞིབ་དེའི་ནང་བཅར་འདྲི་བྱས་པའི་གསར་འགོད་པའི་ཁོངས་ནས་མི་ལྔ་རེ་ནས་གཅིག་རེ་སྟེ། གསར་འགོད་པ་༡༡༢ ཀྱིས་ཁོ་ཚོས་ཧོང་ཀོང་གི་རང་བཙན་ལས་འགུལ་ཐོག་གནས་ཚུལ་སྤེལ་སྐབས། གསར་འགོད་པ་རྒན་པའམ་གནས་རིམ་མཐོ་བ་རྣམས་ནས། གནས་ཚུལ་དེ་རིགས་སྤེལ་བར་བཀག་འགོག་གམ་ཉུང་དུ་སྤེལ་བའི་གནོན་ཤུགས་སྤྲད་ཡོད་སྐོར་བརྗོད་འདུག དེ་ཡང་ཞིབ་འཇུག་དེའི་ཆེད་དུ་གསར་ཁང་༣༠ ནས་༤༠ གསར་འགོད་པ་སླེབས་ཡོད་པས། གསར་ཁང་རེ་ནས་གསར་འགོད་པ་༣ ནས་༤བར་ལ། ཧོང་ཀོང་གི་རང་བཙན་ལས་འགུལ་ཐོག་གནས་ཚུལ་མི་སྤེལ་བའམ་སྤེལ་བ་ཉུང་དུ་གཏོང་དགོས་པའི་གནོན་ཤུགས་སླེབས་ཡོད་པ་ཡིན་སྐོར་ཉམས་ཞིབ་དེའི་ཚོགས་གཞོན་གྱིས་བརྗོད་འདུག ཁོང་གིས་རང་འགུལ་ཐོག་ནས་གནས་ཚུལ་ཞིབ་བཤེར་དོ་དམ་བྱེད་རྒྱུ་དེ་ལས་ཚབས་ཆེ་བ་ཞིག་མེད་པ་དང་། གསར་ཁང་རེ་ནས་རང་བཙན་ལས་འགུལ་ཐོག་གི་གནས་ཚུལ་༣ ནས་༤ བར་བཀག་འགོག་བྱས་པའམ་ཉུང་དུ་སོང་ཡོད་པས། གནས་ཚུལ་དེ་དག་གལ་ཆེན་ཡིན་སྐོར་བརྗོད་འདུག

ཉམས་ཞིབ་དུ་བཅར་འདྲི་བྱེད་ཡུལ་མི་མང་བརྒྱ་ཆ་༧༠ ཡིས། ལོ་སྔོན་མའི་ནང་ཕྱི་རྒྱལ་གསར་འགོད་པ་ཞིག་གི་ཧོང་ཀོང་ནང་ལས་ཀ་བྱེད་པའི་ཐོངས་མཆན་དུས་འགྱངས་མ་བྱས་ནས་ཕྱིར་འབུད་བཏང་བ་དེས། ཧོང་ཀོང་གི་གསར་འགོད་རང་དབང་ལ་གནོད་སྐྱོན་བཏང་ཡོད་པར་ངོས་འཛིན་བྱེད་བཞིན་འདུག དེ་ཡང་ཕྱིར་འབུད་བཏང་བའི་གསར་འགོད་པ་དེས་ཧོང་ཀོང་གི་རང་བཙན་དོན་གཉེར་བ་ཞིག་གི་གཏམ་བཤད་གཙོ་སྐྱོང་བྱས་ཡོད་འདུག་པས། ཕྱིར་འབུད་ཀྱི་རྒྱུ་མཚན་གཅིག་ནི་དེ་ལ་ཐུག་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག དེ་བཞིན་ཐེངས་དང་པོར་མི་མང་གིས་ཧོང་ཀོང་གི་གསར་འགོད་རང་དབང་ལ་ཤུགས་རྐྱེན་སྤྲོད་མཁན་གཙོ་བོ་དེ་རྒྱ་ནག་དབུས་གཞུང་ཡིན་པར་ངོས་འཛིན་བྱས་འདུག

དེ་བཞིན་ཉམས་ཞིབ་བྱེད་ཡུལ་གསར་འགོད་པ་བརྒྱ་ཆ་༨༡ ཀྱིས་འདས་པའི་ལོ་གཅིག་དང་བསྡུར་ན་ཧོང་ཀོང་ནང་གསར་འགོད་རང་དབང་གི་ཚད་གཞི་ཆུང་དུ་ཕྱིན་ཡོད་པ་དང་། དེ་ལ་ཤུགས་རྐྱེན་སྤྲོད་མཁན་གཙོ་བོ་རང་འགུལ་གྱིས་གནས་ཚུལ་ལ་ཞིབ་བཤེར་དོ་དམ་བྱེད་པ་དང་། རྒྱ་ནག་དབུས་གཞུང་གི་གནོན་ཤུགས་ཡིན་པར་ངོས་འཛིན་བྱས་འདུག དེ་བཞིན་གསར་འགོད་པ་བརྒྱ་ཆ་༦༩ ཡིས་རྒྱ་ནག་དབུས་གཞུང་གིས་རྒྱལ་ཁབ་གཉིས་ལ་ལམ་ལུགས་གཉིས་ལས་རྒྱལ་ཁབ་གཅིག་དེར་གལ་ཆེ་བ་བཟུང་ནས་གནོན་ཤུགས་སྤྲོད་ཀྱི་ཡོད་པས། དབུས་གཞུང་གི་བྱེད་ཕྱོགས་ལ་ཁ་གཏད་ཀྱི་བསམ་ཚུལ་ཡོད་མཁན་ཐོག་གནས་ཚུལ་སྤེལ་བར་ཐེ་ཚོམས་སྐྱེས་ཀྱི་ཡོད་སྐོར་བརྗོད་འདུག

ཕྱི་ལོ་༢༠༡༨ ལོའི་ནང་རྒྱ་ནག་གཞུང་གི་གནོན་ཤུགས་འོག ཧོང་ཀོང་ནང་རང་བཙན་དོན་གཉེར་བའི་སྲིད་དོན་ཚོགས་པ་ཧོང་ཀོང་རྒྱལ་ཡོངས་ཚོགས་པ་ཞེས་པ་དེ་བཀག་སྡོམ་བྱས་ཏེ་སྲིད་དོན་དང་འབྲེལ་བའི་ལས་དོན་ལ་འཇུག་རྒྱུ་མེད་པ་བཟོས་ཡོད་པ་མ་ཟད། ཕྱིའི་རྒྱལ་ཁབ་ཁག་གི་གསར་འགོད་པ་ཕྱིར་འབུད། དེ་བཞིན་མང་གཙོ་དོན་གཉར་བ་ཁག་ཅིག་འོས་བསྡུའི་འོས་མིར་ལངས་རྒྱུ་མེད་པ་བཟོས་པ་སོགས། མང་གཙོའི་རང་དབང་དང་ཐོབ་ཐང་ལ་རྡོག་རོལ་གྱི་གནད་དོན་མང་པོ་ལྷག་ཡོད་པ་ལྟར། ཨ་རི་དང་དབྱིན་ཡུལ་སོགས་ཀྱིས་ཧོང་ཀོང་ནང་རང་དབང་དང་རང་སྲིད་རང་སྐྱོང་གི་གནས་བབ་དེ་ཡལ་འགྲོ་བཞིན་ཡོད་པའི་སེམས་འཚབ་བསྟན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༦༦༥ ཀློག་གྲངས།