སྲིད་འཛིན་ཊོམ་གྱིས་གྲོས་ཚོགས་ཀྱི་གྲོས་ཆོད་ལ་དགག་བྱ་བྱས་འདུག

ཨ་རིའི་སྲིད་འཛོན་ཌོ་ནལ་ཊོམ་གྱིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་མང་མོས་རྒྱབ་སྐྱོར་ཐོབ་ནས། ཡེ་མན་ནང་གི་དམག་འཁྲུག་ནང་ཨ་རིས་ཐེ་བྱུས་མཚམས་འཇོག་དགོས་པའི་གྲོས་ཆོད་བཞག་ཡོད་ཀྱང་། སྲིད་འཛིན་ཊོམ་གྱིས་གྲོས་ཆོད་དེར་མིང་རྟགས་མ་བཀོད་པར་དགག་བྱ་བྱས་འདུག གནས་ཚུལ་འདི་ནི་སྲིད་འཛིན་ཊོམ་གྱིས་ད་བར་གྲོས་ཚོགས་ཀྱི་ཐག་གཅོད་ལ་དགག་བྱ་བྱས་པ་ཐེངས་གཉིས་པ་ཆགས་འདུག

ཟླ་༤ པའི་ཚེས་༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་ཟླ་༣ པའི་ཚེས་༡༤ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཡེ་མན་རྒྱལ་ཁབ་ཀྱི་ནང་འཁྲུག་ནང་། སོ་ཌི་ཨ་རབ་ཀྱིས་འགོ་ཁྲིད་པའི་ཕྱོགས་ཁག་གི་དམག་མིར། ཨ་རིས་རྒྱབ་སྐྱོར་མཚམས་འཇོག་བྱེད་པའི་གྲོས་ཆོད་ལ་གྲོས་ཚོགས་འཐུས་མི་༥༤ ཡིས་རྒྱབ་སྐྱོར་དང་༤༦ གིས་དགག་བྱ་བྱས་ཏེ། མང་མོས་ཐོག་རྒྱབ་སྐྱོར་ཐོབ་ཡོད་པ་དང་། དེ་རྗེས་ཟླ་༤ པའི་ཚེས་༤ ཉིན་གྲོས་ཚོགས་གོང་མའི་ནང་གྲོས་ཚོགས་འཐུས་མི་༢༤༧ གྱིས་གྲོས་ཆོད་དེར་རྒྱབ་སྐྱོར་བྱས་ཡོད་ཁར། ༡༧༥ ཡིས་དགག་བྱ་བྱས་ཏེ་མང་མོས་རྒྱབ་སྐྱོར་ཐོབ་ནས། གྲོས་ཆོད་དེ་སྲིད་འཛིན་ཊོམ་ལ་མཁོ་སྤྲོད་བྱས་འདུག དེ་སྔོན་གྲོས་ཚོགས་གོང་མའི་ནང་གྲོས་ཆོད་དེར་རྒྱབ་སྐྱོར་ཐོབ་སྐབས། སྲིད་འཛིན་ཊོམ་གྱིས་གྲོས་ཆོད་དེར་དགག་བྱ་བྱེད་རྒྱུ་ཡིན་སྐོར་བརྗོད་པ་ལྟར། ཐེངས་འདིར་གྲོས་ཚོགས་གོང་འོག་གཉིས་ནས་མང་མོས་རྒྱབ་སྐྱོར་ཐོབ་མིན་ལ་མ་ལྟོས་པར། ཌོ་ནལ་ཊོམ་གྱིས་གྲོས་ཆོད་དེ་ནི་སྲིད་འཛིན་ལ་རྩ་ཁྲིམས་ཐོག་ནས་ཡོད་པའི་དབང་ཚད་ཆུང་དུ་གཏོང་བའི་དགོས་ངེས་མིན་པ་དང་ཉེན་ཁ་ཆེ་བའི་གྲོས་ཆོད་གཅིག་ཡིན་པ་དང་། དེས་ད་ལྟ་དང་མ་འོངས་པར་ཨ་རིའི་མི་སེར་དང་དཔའ་ངར་ལྡན་པའི་དམག་མི་རྣམས་ཀྱི་ཚེ་སྲོག་ལ་ཉེན་ཚབས་བཟོ་གཞི་ཞིག་ཡིན་སྐོར་བརྗོད་ནས། གྲོས་ཆོད་དེར་མིང་རྟགས་མ་བཀོད་པར་དགག་བྱ་བྱས་འདུག

དེ་ཡང་སོ་ཌི་ཨ་རབ་ཀྱི་གཞུང་ལ་བསམ་ཚུལ་ཁ་གཏད་དུ་སྤེལ་མཁན་ཨ་རིའི་གསར་ཁང་དུ་ལས་ཀ་བྱེད་མཁན་གསར་འགོད་པ་ཞིག ཨོ་ཌི་ཨ་རབ་ཀྱི་རྒྱལ་སྲས་ཀྱི་བཀའ་མངགས་འོག་དམར་གསོད་བཏང་བའི་གནས་ཚུལ་ཐོན་ནས། རྒྱལ་སྤྱིའི་ཁྱོན་ཡོངས་ནས་སྐྱོན་བརྗོད་ཆེན་པོ་བྱས་པ་དང་བསྟུན། ཨ་རིའི་ནང་སོ་ཌི་ཨ་རབ་དང་འབྲེལ་ལམ་ཐོག་དྲི་བ་དང་སྐྱོན་བརྗོད་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད་དེ། སྲིད་འཛིན་ཊོམ་གྱིས་སོ་ཌི་ཨ་རབ་ཐོག་གི་ལྟ་ཚུལ་ལ་འགྱུར་བ་བཏང་མེད་པ་རེད།

དེ་ཡང་ཕྱི་ལོ་༢༠༡༥ ལོ་ནས་འགོ་བཙུགས་བྱས་པའི་ཡེ་མན་གྱི་ནང་འཁྲུག་དེའི་ནང་། ཨི་རན་གྱིས་གྱེན་ལངས་ཤོག་ཁག་གཅིག་ལ་རྒྱབ་སྐྱོར་བྱས་པར་བརྟེན། སོ་ཌི་ཨ་རབ་སོགས་ཀྱིས་རྒྱལ་ཁབ་དེའི་སྲིད་བློན་ལ་རྒྱབ་སྐྱོར་བྱས་ནས་དམག་འཁྲུག་ལ་མཉམ་ཞུགས་ཀྱིས་གནམ་ཐོག་ནས་དྲག་རྒོལ་སྤེལ་འགོ་བཙུགས་ཡོད་པ་དང་། ཨ་རིས་སོ་ཌི་ཨ་རབ་ཀྱི་ཕྱོགས་ཁག་ལ་མཚོན་ཆ་བཙོང་བ་དང་གནས་ཚུལ་མཁོ་སྤྲོད་བྱས་པ་སོགས་ཐེ་བྱུས་བྱེད་ཀྱི་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཁབ་དང་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཚོས། དམག་འཁྲུག་དེ་ལ་བརྟེན་ནས་ ཕྱི་ལོ་༢༠༡༥ ལོའི་ཟླ་༤ པ་ནས་ཕྱི་ལོ་༢༠༡༨ ལོའི་ཟླ་༡༠ པ་བར། ཡེ་མན་ནང་དུ་ལོ་ལྔ་མན་ཆོད་ཀྱི་བྱིས་པ་༨༤༧༠༡ ཟས་བཅུད་མ་འདང་བའི་རྐྱེན་གྱིས་ཤི་ཡོད་སྐོར་བརྗོད་ཡོད་ཁར། རྒྱལ་སྤྱིའི་ནང་གི་གནད་ཡོད་མི་སྣ་མང་པོས་དམག་འཁྲུག་དེ་མཚམས་འཇོག་ཡོང་བའི་འབོད་སྐུལ་བྱས་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཁབ་ཀྱིས་དམག་འཁྲུག་དེའི་ཁྲོད། ཉུང་མཐར་མི་སེར་༧༠༠༠ ལྷག་བསད་ཡོད་པའི་ཚོད་དཔག་བྱས་འདུག་པ་དང་། དེའི་ནང་མི་མང་བརྒྱ་ཆ་༦༥ སོ་ཌི་ཨ་རབ་ཀྱིས་འགོ་ཁྲིད་པའི་ཕྱོགས་ཁག་གིས་གནམ་ཐོག་ནས་དྲག་རྒོལ་བྱས་ནས་ཚེ་སྲོག་ཤོར་བ་ཡིན་འདུག

སྲིད་འཛིན་ཊོམ་གྱིས་གྲོས་ཚོགས་ཀྱི་གྲོས་ཆོད་ལ་དགག་བྱ་བྱས་པར། གྲོས་ཚོགས་འོག་མའི་ཚོགས་གཙོ་མང་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ནན་སི་པཱི་ལོ་སི་ཡིས་དགག་བྱ་བྱས་ནས། སྲིད་འཛིན་ཊོམ་གྱིས་དམག་འཁྲུག་དེའི་ནང་ངོ་ཚ་དགོས་པའི་ཨ་རིའི་ཐེ་བྱུས་དེ་མུ་མཐུད་ནས་རྒྱུན་སྐྱོང་བྱས་པར་སྐྱོན་བརྗོད་བྱས་འདུག

དཀྱིལ་ཤར་ཡུལ་གྲུའི་ནང་གི་རྒྱལ་ཁབ་སྟོབས་ཤུགས་ཆུང་ཤོས་གྲས་ཀྱི་ཡེ་མན་རྒྱལ་ཁབ་ཀྱི་དམག་འཁྲུག་ནང་། ཁུལ་དེའི་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱི་ཆབ་སྲིད་དང་དམག་བྱུས་ཀྱི་དགོས་མཁོ་ལ་གཞིགས་ནས། ཤོག་ཁག་མི་འདྲ་བར་རྒྱབ་སྐྱོར་བྱས་ནས། དམག་འཁྲུག་ཚབས་ཆེན་འགྲོ་བཞིན་ཡོད་པ་དང་། དེ་ལ་བརྟེན་ནས་མི་མང་ས་ཡ་༣ ལས་མང་བ་རང་ཁྱིམ་བསྐྱུར་ནས་བྲོས་བྱོལ་འགྲོ་དགོས་འཁེལ་འདུག་པ་དང་། ས་ཡ་༢ ཙམ་ད་དུང་ཡང་གནས་ཡུལ་ངེས་མེད་ངང་ལྷག་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༤༧༦ ཀློག་གྲངས།