རྒྱ་གར་གྱི་འོས་བསྡུ་དང་བོད་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༤༧  ཕྱི་ལོ་ ༢༠༡༩/༤ /༡༧  

རྒྱ་གར་རྒྱལ་ཁབ་ཆེན་པོའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བ་དང་། དེའི་ཆེད་དུ་དྲིལ་བསྒྲགས་ཀྱི་ལས་འགུལ་ནི་ཧ་ཅང་ཚ་ཚ་འུར་གྱིས་སྤེལ་བཞིན་པའི་སྐབས་རེད། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ནས་རྒྱ་གར་ནི་མང་གཙོ་དར་ཁྱབ་ཡོད་པའི་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད་ཅིང་། རང་དབང་དང་ཐོབ་ཐང་གི་ཐོག་ནས་ཀྱང་རྒྱལ་ཁབ་གཞན་མང་པོ་ཞིག་དང་བསྡུར་ཐབས་མེད་པའི་སྔོན་ཐོན་གྱི་རྒྱལ་ཁབ་ཅིག་ཡིན། རྒྱ་གར་གྱི་མང་གཙོའི་འགྲོ་སྟངས་ནི་གྲོས་ཚོགས་ལམ་ལུགས་ཡིན་པ་དང་། གྲོས་ཚོགས་ནང་དགོས་ངེས་ཀྱི་རྐུབ་སྟེགས་སྲིད་དོན་ཚོགས་པ་གང་ལ་ཐོབ་ཀྱང་དེས་གཞུང་འཛིན་དགོས་ལ། གལ་སྲིད་སྲིད་དོན་ཚོགས་པ་གཅིག་ལ་རྒྱལ་ཡོངས་གྲོས་ཚོགས་ཀྱི་རྐུབ་སྟེགས་འདེང་ངེས་ཤིག་མ་རག་ན་ཚོགས་པ་གཞན་དང་ཟླ་སྒྲིལ་གྱི་ཐོག་ནས་གཞུང་འཛིན་རྒྱུའི་ལམ་སྲོལ་ཡོད། རྒྱ་གར་གྱི་ཆབ་སྲིད་ལམ་ལུགས་རང་དབང་མང་གཙོའི་ཐོག་ཤར་བསྐྱོད་བྱེད་བཞིན་ཡོད་པས་མདོར་ན་རྒྱལ་ཁབ་ཀྱི་མཐར་ཐུག་གི་བདག་པོ་རྒྱ་གར་མི་མང་ཁོ་ན་ཡིན་པ་ཧ་ཅང་གསལ་པོར་གྱུར་ཡོད།

ད་ལྟའི་ཆར་རྒྱ་གར་དུ་གནས་སྡོད་བྱེད་མཁན་བཙན་བྱོལ་བོད་མིའི་ནང་རྒྱ་གར་གྱི་འོས་བསྡུ་ཆེན་མོར་མཉམ་ཞུགས་བྱེད་རྒྱུ་ཡིག་ཆའི་ཐོག་ནས་ཐོབ་ཐང་ཡོད་མཁན་ཉུང་ཤས་ཤིག་ཡོད་པ་དང་། བོད་པ་རེ་ཟུང་གིས་སྲིད་དོན་ཚོགས་པ་གཅིག་ལ་རྒྱབ་སྐྱོར་ཡོད་པ་དང་། ཅིག་ཤོས་ལ་རྒྱབ་སྐྱོར་མེད་པ། སྲིད་དོན་ཚོགས་པ་གཅིག་ཡག་པོ་ཡིན་པ་དང་། གཅིག་ཡག་པོ་མིན་པ་ལྟ་བུ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་མཁན་སྔོན་མ་རེ་ཟུང་བྱུང་མྱོང་ཡོད་ལ། ལོ་འདིར་ཡང་ཕལ་ཆེར་ཡོང་སྲིད་ཀྱི་རེད། བོད་པའི་འོས་ཤོག་གིས་རྒྱ་གར་གྱི་སྲིད་དོན་ཚོགས་པ་ཞིག་གམ། ཡང་ན་འོས་མི་བྱེ་བྲག་པ་ཞིག་ལ་ཕན་ཐོགས་ཐུབ་པའི་ནུས་པ་མེད་ཀྱང་། ཚོགས་པ་བྱེ་བྲག་པ་དང་། འོས་མི་བྱེ་བྲག་པ་ཞིག་ལ་རྒྱབ་སྐྱོར་གྱི་རྣམ་པ་བོད་པའི་མིང་ཐོག་ནས་བསྟན་ན་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ལ་གནོད་སྐྱོན་ལས་ཕན་ཐོགས་མེད། ཁྲིམས་ལུགས་གཞིར་བཟུང་རང་ཉིད་ལ་འོས་འཕེན་ཆོག་པའི་ཐོབ་ཐང་ཡོད་པ་དང་། ཐོབ་ཐང་དེ་ལོངས་སུ་སྤྱོད་འདོད་ཡོད་ན་ཁ་ཁུ་སིམ་པོའི་ཐོག་ནས་སུ་ལ་རྒྱབ་སྐྱོར་ཡོད་ཀྱང་གསང་བའི་ཐོག་ནས་འོས་འཕེན་དགོས་རྒྱུ་དེ་ཧ་ཅང་གལ་ཆེ།

འོས་གཞི་བྱེ་བྲག་པ་དང་སྲིད་དོན་ཚོགས་པ་གང་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཀྱང་། དེ་ལ་གསང་བའི་འོས་འཕང་ན་རྒྱབ་སྐྱོར་དགོས་ས་དེ་ལ་ཕན་ཐོགས་གཅིག་མཚུངས་ཡོད་པ་དང་། འར་འུར་ཆེན་པོའི་ཐོག་ནས་མདུན་དུ་ཐོན་རྒྱུ་མང་དྲགས་སོང་ན་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་དང་། བོད་མིའི་སྒྲིག་འཛུགས་ལའང་དཀའ་ངལ་འཕྲད་པའི་གཞི་རྩ་ཞིག་ཏུ་འགྱུར་མི་སྲིད་པ་མ་རེད། གལ་སྲིད་བོད་པའི་སྤྱི་ཚོགས་ལ་འོས་གྲངས་མང་པོ་ཡོད་པ་དང་། འོས་ཤོག་ལ་བརྟེན་ནས་འོས་མི་བྱེ་བྲག་པའམ། སྲིད་དོན་ཚོགས་པ་བྱེ་བྲག་པར་གནོན་ཤུགས་སྤྲོད་ཐུབ་པའི་ནུས་པ་ཡོད་པའི་དབང་དུ་བཏང་ན་བསམ་བློ་གཏོང་ས་ཅུང་ཙམ་ཡོད་ཀྱང་། རྒྱ་གར་རྒྱལ་ཡོངས་སུ་བོད་མི་འོས་བླུག་རྒྱུའི་ཆ་རྐྱེན་ཚང་མཁན་མི་འབོར་བརྒྱ་ཕྲག་ཁ་ཤས་ལས་མེད་པས། རྒྱ་གར་མི་འབོར་དུང་ཕྱུར་བཅུ་གཉིས་བཅུ་གསུམ་ཡོད་པའི་རྒྱལ་ཁབ་ཅིག་ལ་མཚོན་ན་འོས་གྲངས་བརྒྱ་ཕྲག་ཁ་ཤས་ཀྱིས་སྐབས་རེ་ཙམ་ལས་སྤྱི་ཡོངས་ནས་ཁྱད་པར་ཆེན་པོ་གང་ཡང་མེད།

འོན་ཀྱང་མངོན་གསལ་དོད་པོའི་ཐོག་ནས་རྒྱབ་སྐྱོར་མི་བྱེད་ས་དེར་འོས་ཐོབ་ན་བོད་པའི་འཐབ་རྩོད་ལ་རྒྱབ་སྐྱོར་མི་བྱེད་པ་མ་ཟད། སྐབས་རེ་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་ས་གནས་རེ་ཟུང་དུ་སྤྱི་ཚོགས་བདེ་དོན་དང་འབྲེལ་བའི་ཐོག་ནས་དཀའ་ངལ་ཡང་འཕྲད་སྲིད་པ་ཞིག་རེད། མང་གཙོའི་སྤྱི་ཚོགས་ནང་འོས་འགྲན་གྱི་དམག་འཁྲུགས་ནི་སེམས་ཚོར་ཆེ་ཤོས་ཤིག་ཡིན་ལ། དེ་ལ་བརྟེན་ནས་འོས་མི་སྒེར་དང་། སྲིད་དོན་ཚོགས་པ་སུ་གང་ལའང་བོད་མིའི་ངོས་ནས་རྒྱབ་སྐྱོར་དང་དགག་བྱའི་རྣམ་པ་མངོན་གསལ་གྱིས་བསྟན་ནས་མི་ཕན་པར། དེ་རིང་རང་ཉིད་ཀྱིས་རྒྱབ་སྐྱོར་བྱེད་ས་དེར་རྒྱལ་ཁ་ཐོབ་པའི་དབང་དུ་བཏང་ཡང་སྐབས་རྗེས་མ་ད་ལྟ་འོས་མ་ཐོབ་པའི་ཚོགས་པ་དེར་ཐོབ་པའི་གནས་ཚུལ་ནི་རྒྱུན་ལྡན་ཡིན། སྤྱིར་བོད་མི་དག་གིས་རྒྱ་གར་གྱི་འོས་བསྡུའི་ནང་འོས་འཕེན་དགོས་མིན་བལྟ་དགོས་པ་དང་། གལ་སྲིད་འོས་འཕང་ཡང་མངོན་གསལ་མེད་པའི་ཐོག་ནས་མཉམ་ཞུགས་མ་བྱས་ན་སྒེར་ལའང་གང་ཡང་མི་ཕན་པར། བོད་སྤྱི་ལ་གནོད་པའི་གནས་ཚུལ་བྱུང་ན་བོད་མི་ཞིག་ཡིན་པའི་ཆ་ནས་ལས་འགན་མ་འགྲུབ་པ་རེད།

མདོར་ན་བོད་པའི་ཁ་རྒྱུན་དུ་ཨམ་ཕྲག་ནང་དུ་ག་རེ་ཡོད་མེད་ལག་པས་མི་ཤེས་པ་མེད་པ་བཞིན། བོད་པ་མང་ཆེ་བས་རྒྱ་གར་གྱི་འོས་བསྡུའི་ནང་ཞུགས་ནས་ཁེ་ཕན་ག་རེ་ཡོད་མེད་དང་། ལྷག་པར་དུ་ཕྱིའི་རྣམ་པའི་ཐོག་ནས་མངོན་གསལ་དོད་པོ་བྱས་ན་ཕན་ཐོགས་མེད་པ་མ་ཟད། གནོད་སྐྱོན་ཆེན་པོ་ཡོད་པ་གོང་དུ་ལན་མང་བཤད་ཟིན་པས་བསྐྱར་བཟློས་བྱས་མེད། ལག་ཁྱེར་གྱི་ཐོག་ནས་རྒྱ་གར་གྱི་མི་སེར་ཡིན་ནའང་། ནང་གི་ཟུངས་ཁྲག་ནི་བཀྲུས་ན་མ་དག་པའི་བོད་པ་ཡིན་སྟབས། དོན་གྱིས་རྒྱ་གར་གྱི་སྲིད་དོན་ལ་ཐེ་གཏོགས་དང་འཛུལ་ཞུགས་མང་པོ་བྱེད་སའི་ཁོར་ཡུག་མེད། རྒྱ་གར་གྱི་སྲིད་དོན་ཚོགས་པའི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་དང་མི་བྱེད་ལ་ཁྱད་པར་མེད་ཅིང་། ད་བར་གཞུང་སྲིད་དོན་ཚོགས་པ་སུས་བཟུང་ཡང་། རྒྱ་གར་གཞུང་ལྟ་བུ་བོད་དོན་དང་བོད་མི་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་འཛམ་གླིང་ཤར་ནུབ་ཀུན་ཏུ་བྱུང་མྱོང་མེད། བོད་པས་རྒྱ་གར་གྱི་མི་སེར་བཟོ་བ་ནི་ཕལ་ཆེ་བས་ཕྱི་རྒྱལ་དུ་འགྲོ་བསྐྱོད་བདེ་ཆེད་ཙམ་དུ་དམིགས་བཞིན་ཡོད་པ་བཞིན་ས་མཚམས་མ་ནོར་བ་བྱེད་དགོས་པ་ཧ་ཅང་གལ་ཆེ་སྙམ།།

Share this:
༡༤༩༥ ཀློག་གྲངས།