པཎ་ཆེན་རིན་པོ་ཆེ་གློད་གྲོལ་ཆེད་སྦག་སྦག་སྐོར་བསྐྱོད་ལས་འགུལ།

ཟླ་འདིའི་ཚེས་༢༣ ཉིན་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་རྒྱ་ནག་གི་བཙོན་འོག་ནས་གློད་གྲོལ་ཡོང་ཆེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱི་གོ་སྒྲིག་སྣེ་འཁྲིད་འོག དྷ་ས་ནས་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་འགོ་འཛུགས་བྱས་ཏེ། ཁོང་གི་འཁྲུངས་སྐར་ཉིན་ལྡི་ལི་ནས་རྟེན་འབྲེལ་མཚོན་ཆེད་ཁོང་གི་འཁྲུངས་སྐར་སྲུང་བརྩི་དང་། ལས་འགུལ་མཇུག་བསྡོམས་བྱེད་རྒྱུ་ཡིན་པ་རེད།

དེ་ཡང་པཎ་ཆེན་རིན་པོ་ཆེ་དགུང་ལོ་༣༠ ཟིན་པ་དང་། རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ། ལོ་༢༤ འཁོར་གྱི་ཡོད་ནའང་། ད་དུང་ས་གནས་གང་དུ་ཡོད་དང་སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་སྟངས་ཀྱང་གསལ་པོ་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་མེད་པས། ལོ་ལྟར་བཙན་བྱོལ་བོད་མི་གནས་སྡོད་བྱེད་སའི་ས་གནས་ཁག་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཁོང་གློད་གྲོལ་དགོས་པའི་ལས་འགུལ་སྤེལ་གྱི་ཡོད་པ་རེད།

སྦག་སྦག་སྐོར་བསྐྱོད་ལས་འགུལ་འགོ་འཛུགས་སྐབས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་རྒྱལ་མཚན་གྱིས་གསར་འགོད་པར་འགྲེལ་བརྗོད་གནང་དོན། “པཎ་ཆེན་རིན་པོ་སྐུ་ཕྲེང་བཅུ་གཅིག་པ་ངོས་འཛིན་སྐབས་དགུང་ལོ་དྲུག་རེད། དེ་ནས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས། ད་ལྟ་ཁོང་དགུང་ལོ་༣༠ ཟིན་གྱི་ཡོད་པ་དང་། ང་ཚོས་ལས་འགུལ་སྐབས་རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེ་བཙན་ཁྲིད་བྱས་པའི་གནས་སྟངས་གསལ་པོ་བཟོ་དགོས་པ་དང་། ང་ཚོའི་པཎ་ཆེན་རིན་པོ་ཆེ་ང་ཚོའི་ཡིན་པ་གསལ་འདོན་ཆེད་དང་། རྒྱ་ནག་གཞུང་གིས་ཁོང་གློད་གྲོལ་མ་བཏང་བར་བོད་པའི་ངོས་ནས་ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པ་གསལ་འདོན་ཆེད་དུ་ཡིན་”ཞེས་གསུངས་སོང་།

སྦག་སྦག་གཏོང་མཁན་མི་གྲངས་སུམ་ཅུ་ཡོད་པ་དང་། ལས་འགུལ་ནང་འཛུལ་ཞུགས་བྱེད་མཁན་མང་པོ་བྱུང་ཡོད་ནའང་། ད་ཐེངས་པཎ་ཆེན་རིན་པོ་ཆེའི་དགུང་ལོའི་མཚོན་དོན་དུ་སྦག་སྦག་སུམ་ཅུ་གཏན་ཁེལ་བྱས་པ་ཡིན་འདུག་ལ། དེའི་ནང་ས་གནས་ཁག་ལྔ་ནས་མི་མཉམ་ཞུགས་བྱས་ཡོད་པ་རེད། ཚེས་༢༣ ཉིན་དྷ་ས་ནས་འགོ་འཛུགས་བྱས་པ་དང་། ཅན་དྷི་གྷར་གྲོང་ཁྱེར་དུ་ཞགས་སྡོད་བྱས་ཏེ་དེར་ལས་འགུལ་ཁག་ཅིག་སྤེལ་ནས། ཚེས་༢༥ ཉིན་ཏེ་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ཉིན་ལྡི་ལི་ནས་ལས་འགུལ་མཇུག་བསྡོམས་བྱེད་རྒྱུ་ཡིན་པ་རེད།

ལས་འགུལ་བ་ཚེ་དབང་རྒྱལ་པོས་སྦག་སྦག་སྐོར་བསྐྱོད་ལས་འགུལ་ནང་དེ་སྔོན་མཉམ་ཞུགས་མང་པོ་བྱས་སྐོར་ངོ་སྤྲོད་གནང་སོང་ལ། བོད་དོན་ལས་འགུལ་ག་རེ་ཡིན་ནའང་མཉམ་ཞུགས་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

གཞོན་ལྷན་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ཀྱིས་ལས་འགུལ་དེའི་སྐོར་ངོ་སྤྲོད་གནང་དོན། “པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་དགུང་ལོ་༣༠ ཟིན་ནའང་། གནས་སྟངས་ག་འདྲ་ཆགས་ཡོད་ང་ཚོས་ཤེས་ཀྱི་མེད་པ་དང་། དེ་ནི་ཆོས་སྲིད་གཉིས་ཀ་དང་འབྲེལ་བ་ཡོད་པས། ཁོང་རྩད་གཅོད་ཆེད་ཁྱབ་བསྒྲགས་དགོས་པ་གལ་ཆེན་པོ་རེད། རྒྱ་ནག་གཞུང་གིས་ཆབ་སྲིད་ལག་ཆེའི་ཆེད་པཎ་ཆེན་རིན་པོ་ཆའི་ཡང་སྲིད་དུ་རྒྱལ་མཚན་ནོར་བུ་ངོས་འཛིན་བྱས་ཡོད་པ་དེར་ངོས་ལེན་རྩ་བ་ནས་མེད། ལྷག་པར་དུ་བོད་ཀྱི་ཆོས་ལུགས་དང་ཡང་སྲིད་ངོས་འཛིན་སྐོར་ལ་རྒྱ་ནག་གཞུང་གིས་ཐེ་ཇུས་བྱས་ཆོག་གི་མ་རེད་”ཅེས་དང་། ལས་འགུལ་བ་ཚོས་ལམ་བར་ནས་གཟབ་དགོས་པ་དང་། རྒྱ་གར་གྱི་ཡུལ་ཁྲིམས་དང་མཐུན་པ་བྱེད་དགོས་སྐོར་གསུངས་སོང་།

༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་ནི་ཕྱི་ལོ་༡༩༨༩ ལོའི་༤ པའི་ཚེས་༢༥ ཉིན་ནག་ཆུ་ཁུལ་ལྷ་རི་རྫོང་དུ་འཁྲུངས་ཡོད་པ་དང་། ཕྱི་ལོ་༡༩༩༥ ལོའི་ཟླ་༥ པའི་ཚེས་༡༤ ཉིན་༧གོང་ས་མཆོག་གིས་རྒྱ་གར་ནས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་གྱི་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ། ཡང་སྲིད་མཆོག་བཀྲ་ཤིས་ལྷུན་པར་སློབ་གཉེར་གསན་བཞེས་དང་ཆོས་ཕྱོགས་མཛད་འགན་བཞེས་རྒྱུར་རྒྱ་ནག་གཞུང་ལ་མཐུན་འགྱུར་རོགས་རམ་ཡོང་བའི་རེ་འདུན་བཏོན་གནང་མཛད་ཡོད་ནའང་། ལོ་དེའི་ཕྱི་ཟླ་༥ པའི་ཚེས་༡༧ ཉིན་༧པཎ་ཆེན་རིན་པོ་ཆེ་དང་ཁོང་གི་ནང་མི་རྣམས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པ་དང་། དེའི་སྐབས་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་ཆུང་ཤོས་དེ་ཆགས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༧༠༣ ཀློག་གྲངས།