རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ་པར་སྐྲུན་དང་བླུ་ཡོན་གཏོང་རྒྱུའི་གསལ་བསྒྲགས།

འབྲས་བློ་གླིང་དཔེ་ཐུབ་ཁང་ཚན་གྱིས་གོ་སྒྲིག་འོག་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་གིས་དཔེ་ཁྲིད་མཛད་མཁན་གྱི་དགེ་རྒན་རྣམ་པ་དང་། རྗེ་ཡབ་སྲས་ཀྱི་གསུང་ལ་ཞིབ་འཇུག་གནང་མཁན་སོགས་ལ་ཕན་ཐོགས་འབྱུང་བའི་རེ་བས་ལས་གཞི་འདི་ཉིད་མགོ་བརྩམས། ཐོག་མར་དགེ་བཤེས་བརྒྱད་ཀྱིས་སྐུ་འབུམ་བྱམས་པ་གླིང་ནས་ཆེད་དུ་གདན་འདྲེན་ཞུས་པའི་སྐུ་འབུམ་པར་མ་དང་ཞིབ་བསྡུར་གྱིས་ཞུས་དག་བྱས། དེ་ནས་ལོ་ངོ་དྲུག་གི་རིང་སྐུ་འབུམ་པར་མ་དེ་ཉིད་དང་བསྡུར་ནས་ཞུས་དག་ལན་ལྔ་ཙམ་བྱས་ཡོད། དེའི་རྗེས་ལོ་ངོ་གཉིས་ཀྱི་རིང་དགེ་བཤེས་བཞི་ཡིས་གཙང་པར་དང་། ཞོལ་པར། སྐུ་འབུམ་པར་མ་བཅས་དང་ཡིག་འབྲུ་རེ་རེ་བཞིན་ཞིབ་ཏུ་བསྡུར་ནས་མི་མཐུན་པ་རྣམས་མཆན་དུ་བཀོད། མཐར་གསུང་འབུམ་དུ་དྲངས་པའི་བཀའ་བསྟན་གྱི་ལུང་རྣམས་ལུང་ཁུངས་ཉིད་ལ་གཏུགས་ཏེ་ཤོག་གྲངས་སོགས་ཁ་གསལ་བཀོད་ཅིང་ཞུས་དག་མཐིལ་ཕྱིན་པ་བགྱིས། དེའི་རྗེས་སུ་ཞུས་དག་ཐེངས་བདུན་པ་མགོ་བཙུགས་ཟིན་ཅིང་རིང་མིན་ཆ་ཚང་ལེགས་གྲུབ་ཐུབ་པའི་རེ་བ་ཡོད། མདོར་ན་སྐུ་འབུམ་པར་མ་གཞིར་བཟུང་རྗེའི་གསུང་འབུམ་པོད་གྲངས་ ༡༩ རྒྱལ་ཚབ་རྗེའི་གསུང་འབུམ་པོད་གྲངས་བརྒྱད་ ༨ མཁས་གྲུབ་རྗེའི་གསུང་འབུམ་པོད་གྲངས་ ༡༦ བཅས་ཁག་གསུམ་བསྡོམས་པའི་པོད་གྲངས་ ༤༣ སྟེང་སྐུ་འབུམ་པར་མའི་ནང་མི་བཞུགས་པ་རྒྱལ་ཚབ་རྗེའི་གསུང་ཚད་མ་རིགས་གཏེར་གྱི་འགྲེལ་པ། བདེན་གཉིས་འགྲེལ་པ་སོགས་བཞུགས་པའི་པོད་གཅིག་བཅས་ཁྱོན་བསྡོམས་པོད་གྲངས་ ༤༤ ཅན་གྱི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ་འདི་ཉིད་ཚར་གྲངས་དྲུག་བརྒྱ་ཐམ་པ་པར་སྐྲུན་ཞུ་གཏན་འཁེལ་བ་དང་། དེ་མཚུངས་འཕྲུལ་དེབ་ཏུའང་འགྲེམ་སྤེལ་ཞུ་འཆར་ལགས།

ལོ་མང་རིང་ཞུས་དག་བཏང་བའི་སྐབས་ཀྱི་འགྲོ་སོང་གཏན་ནས་མ་བརྩིས་པར་པར་སྐྲུན་གཅིག་པུའི་འགྲོ་གྲོན་སྔོན་རྩིས་ལྟར་ན་ཚར་གྲངས་ ༦༠༠ ལ་ཁྱོན་བསྡོམས་ཧིན་སྒོར་བྱེ་བ་གཅིག་དང་འབུམ་ལྔ་བཅུ་ལྔ་དྲུག་(༡༥༦༠༠༠༠༠)ཙམ་འགྲོ་ངེས་པ་དང་། ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ་ཚར་རེར་འགྲོ་གྲོན་ཧིན་སྒོར་ཉི་ཁྲི་དྲུག་སྟོང་(༢༦༠༠༠)འགྲོ་ངེས་ཡིན། གོང་གསལ་ཚར་གྲངས་ ༦༠༠ ནས་ཚར་གྲངས་ལྔ་བརྒྱ་ ༥༠༠ ཐམ་པ་དེ་ཚོགས་པ་དང་མི་སྒེར་སོ་སོར་བླུ་ཡོན་འབུལ་རྒྱུ་ལགས་ན། ཐུགས་མཁོ་མཆིས་ཚེ་གཤམ་གསལ་ཁ་བྱང་ཐོག་ ༢༠༡༩ ཟླ་ ༦ ཚེས་ ༡༥ སྔོན་ཚུད་དུ་འབྲེལ་བ་གནང་སྟེ་ཐད་ཀར་དངུལ་རྐྱང་གནང་བའམ། ཡང་ན་དངུལ་ཁང་བརྒྱུད་ཕྱག་དངུལ་བསྐུར་གནང་མཛད་ནས་སྔ་འདོན་འཛིན་བྱང་དུས་ཐོག་ཏུ་བཞེས་རོགས་ཞུ་རྒྱུ། དུས་ཚོད་དེའི་ནང་ཚོད་དུ་བསྔགས་མཁན་གང་བྱུང་བ་ལ་དཔགས་ནས་པར་སྐྲུན་ཞུ་རྒྱུ་ལས་དེའི་རྗེས་སུ་བླུ་ཡོན་འབུལ་རྒྱུ་གཏན་ནས་མེད་པས་དེ་ལུགས་ངེས་པར་དུ་དགོངས་པར་འཇགས་དགོས།

གདན་ས་དང་བཤད་གྲྭ་ཁག་གིས་གཙོས་པའི་དཔེ་ཁྲིད་དགེ་རྒན་རྣམ་པ་དང་། སློབ་གཉེར་ཧུར་ཐག་གནང་བཞིན་པའི་སློབ་གཉེར་བ་ཚོའི་ཆེད་དུ་གསུང་འབུམ་ཚར་རེར་སྒོར་ ༦༠༠༠ བྱས་ནས་བླུ་ཡོན་འབུལ་རྒྱུ་དང་། དེ་མིན་བླུ་ཡོན་ཞུ་རྒྱུར་ཕྱག་དངུལ་འདང་ངེས་ཀྱི་གླ་ཡོད་དགེ་རྒན་དང་། ལས་བྱེད་པ། ཕྱི་རྒྱལ་གྱི་ཆོས་ཚོགས་ཁག །བླ་བྲང། དཔེ་མཛོད་ཁང་། སློབ་གཉེར་ཁང་། དེ་མཚུངས་ཕྱག་དཔེ་འདི་བླུ་ཡོན་ཞུས་ནས་གདན་སའི་སློབ་གཉེར་བ་ཚོར་འབུལ་འདོད་ཡོད་པའི་སྦྱིན་བདག་བཅས་ཀྱིས་གསུང་འབུམ་ཚར་རེར་བླུ་ཡོན་སྒོར་ ༢༦༠༠༠ ཆ་ཚང་གནང་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན།

ཞལ་འདེབས་ཀྱི་འབོད་བསྐུལ།

གོང་གསལ་དགེ་རྒན་རྣམ་པ་དང་སློབ་གཉེར་བ་རྣམས་ལ་གསུང་འབུམ་དཔེ་བསྡུར་མ་ཚར་རེར་སྒོར་ ༦༠༠༠ བྱས་ནས་བླུ་ཡོན་འབུལ་རྒྱུའི་ལྷག་འཕྲོས་སྒོར་ཉི་ཁྲི་ཐམ་པ་དེ་ཉིད་གསུང་འབུམ་སྡུད་སྒྲིག་ཁང་གིས་གྲ་སྒྲིག་ཞུ་དགོས་པར་བརྟེན། སྦྱིན་བདག་ཁག་གི་ཞལ་འདེབས་ལ་མ་བརྟེན་པར་འགྲུབ་ཐབས་གཏན་ནས་མེད་པས། བསྟན་པ་སྤྱི་དང་འཇམ་མགོན་བླ་མའི་བསྟན་པར་དད་དམ་ལྡན་པ། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་རྒྱལ་བ་ཙོང་ཁ་པས་དགེ་བའི་བཤེས་གཉེན་མཛད་ཅིང་འཇམ་མགོན་བླ་མའི་བསྟན་པ་དང་མཇལ་བར་འདོད་པའི་རྣམ་དཔྱོད་ཡངས་པ་རྣམས་ཀྱིས་སྒོར་བཅུ་ལས་མ་བྱུང་རུང་གཤམ་གསལ་དངུལ་ཁང་བརྒྱུད་ཐད་ཀར་བསྐུར་བའམ། གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་མཛད་ནས་ཞལ་འདེབས་གནང་སྐྱོང་བཀའ་དྲིན་མི་ཆུང་བ་ཞུ་རྒྱུ་དང་། ཞལ་འདེབས་ཀྱི་དད་རྫས་རྣམས་ཆུད་ཟོས་སུ་མ་སོང་བར་དམིགས་ཡུལ་ཐོག་སྨིན་གཏོང་ཞུ་རྒྱུའི་ཡིད་དམ་དང་བཅས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་ནས་ ༢༠༡༩ ཟླ་ ༤ ཚེས་ ༢༡ ཉིན།

འབྲེལ་བ་ཞུ་ཡུལ།

jeyabsesungbum@gmail.com

ཁ་པར་ཨང་། རྡ་ས། ༧༥༩༠༠༢༥༢༢༥ རྒྱ་གར་ལྷོ་ཕྱོགས། 6364320369 ལ་དྭགས། ༩༧༩༧༩༨༧༦༢༧

སྐད་འཕྲིན་ (WhatsApp) ཨང་། ༩༧༩༧༩༨༧༦༢༧

དྲ་ལམ་རྒྱུད་གསུང་འབུམ་བླུ་ཆེད་དྲ་རྒྱའི་ཁ་བྱང་། www.jeyabsesungbum.org/order

ཞལ་འདེབས་ཆེད་དྲ་རྒྱའི་ཁ་བྱང་། http://jeyabsesungbum.org/pay-donate/

Share this:
༣༧༥ ཀློག་གྲངས།