༧པན་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་དང་ལས་འགུལ་སྤེལ་བ།

ཟླ་༤ པའི་ཚེས་༢༥ ཉིན་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་དགུང་ལོ་༣༠ ལ་ཕེབས་པའི་འཁྲུངས་སྐར་ཉིན་མོ་ཡིན་ཡང་། ཁོང་རྒྱ་ནག་གིས་འཛིན་བཟུང་བྱས་ཏེ་ད་བར་ཁོང་གི་གནས་སྟངས་སྐོར་གསལ་པོ་གང་ཡང་ཤེས་ཀྱི་མེད་པས། ཉིན་དེར་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གིས་མཛད་སྒོ་དང་ལས་འགུལ་ཁག་ཅིག་སྤེལ་ཡོད་པ་རེད།

དེ་ཡང་ཉིན་དེར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱིས་༧པཎ་ཆེན་སྐུ་ཕྲེང་༡༠ པ་ཆོས་ཀྱི་རྒྱལ་མཚན་མཆོག་ལ་བཀའ་དྲིན་རྗེས་དྲན་དང་། ༧པཎ་ཆེན་སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་མཛད་སྒོ་ཞིག་གོ་སྒྲིག་གནང་སོང་། དེ་གར་སྐུ་མགྲོན་གཙོ་བོ་རྡ་སའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨཱ་ཇེ་སིང་། དམིགས་བསལ་སྐུ་མགྲོན་དུ་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་དབུས་མཛད་གཙོ་རྣམ་པ། གདན་ས་བཀྲ་ཤིས་ལྷུན་པོའི་སྐུ་ཚབ་སྔགས་ཆེན་རིན་པོ་ཆེ་བཅས་དང་། ས་གནས་ཀྱི་སེར་སྐྱ་མི་མང་མཉམ་ཞུགས་གནང་སོང་།

དེ་ཡང་ངག་ཆེན་རིན་པོ་ཆེས་བཀྲ་ཤིས་ལྷུན་པོའི་བླ་སྤྱི་ལྷན་ཁང་དང་༧པཎ་ཆེན་ཨེར་ཏི་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཐུན་མོང་གི་བསྒྲགས་གཏམ་སྒྲོགས་སྦྱངས་གནང་སོང་། དེའི་ནང་“ཕྱི་ལོ་ ༡༩༩༥ ལོ་ནས་ད་བར་མི་ལོ་ཉི་ཤུ་རྩ་བཞིའི་རིང་བཙན་བྱོལ་བོད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་། གདན་ས་བཀྲ་ཤིས་ལྷུན་པོ་དགོན་དང་དམིགས་བསལ་ཚོགས་ཆུང་། དེ་བཞིན་འཛམ་གླིང་རྒྱལ་ཁབ་གང་སར་ཡོད་པའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག སེར་སྐྱ་མི་དམངས་ཁྲི་ཚོ་མང་པོས་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་སྐུ་ཞབས་བྱ་བྲལ་རིན་པོ་ཆེ་འཕྲལ་མར་གློད་གྲོལ་དགོས་པའི་ལས་འགུལ་བསྟུད་མར་སྤེལ་ནས། གནད་དོན་འདི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དང་། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐོབ་ཐང་གི་སྙན་ཐོ། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ། ཨ་རི་དང་ཨིན་ལན། ཁེ་ན་ཌ ཡོ་རོབ་སོགས་འཛམ་གླིང་རྒྱལ་ཁབ་མང་པོའི་གྲོས་ཚོགས་ཁག་ནས་སྔ་རྗེས་སུ་སྙན་ཐོ་བཏོན་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ནན་པོ་བྱས་ཡོད་ཀྱང་། ད་བར་རྒྱ་ནག་གཞུང་གིས་ཁུངས་ལུང་ལྡན་པའི་ལན་འདེབས་གསལ་བཤད་གཅིག་ཀྱང་བྱེད་མྱོང་མེད། འདི་ནི་བོད་ཀྱི་བླ་ཆེན་གཅིག་གི་ཡང་སྲིད་བརླགས་པའི་གནད་དོན་གཅིག་པུ་མ་ཡིན་པར། དོན་དངོས་ཐོག་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་མོས་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་ཚད་ལས་བརྒལ་བའི་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པའི་ཁུངས་སྐྱེལ་ར་སྤྲོད་གསལ་པོ་བྱེད་ཀྱི་ཡོད། ད་དུང་རྒྱ་ནག་གཞུང་གིས་འབྱུང་འགྱུར་རྒྱལ་བའི་ཡང་སྲིད་བརྩད་འཚོལ་སྐོར་ལ་ད་ལྟ་ནས་ཧམ་སེམས་བཅངས་ཏེ་དངོས་ཡོད་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་འདི་དག་ནི། དོན་དངོས་ཐོག་ད་ལྟ་ཕྱི་དངོས་པོའི་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱ་ནག་རྒྱལ་ཁབ་ཀྱི་མིང་གྲགས་དང་ཁེ་ཕན་ལ་ཏན་ཏན་གནོད་ངེས་རེད། ངོ་ཚོས་གཞུང་དྲང་དང་རང་དབང་གི་སྒོ་ནས་བདེན་དོན་རྩོད་རྒྱུར་ད་བར་འབད་བརྩོན་དང་ཡིད་ཆེས་བྱེད་བཞིན་ཡོད་པ་དང་། ད་དུང་མུ་མཐུད་ཇི་སྲིད་བདེན་དོན་མ་གསལ་བར་དུ་དེ་སྲིད་བདེན་དོན་རྩོད་རྒྱུ་ནམ་ཡང་མཚམས་འཇོག་བྱེད་རྒྱུ་མིན་”ཞེས་འཁོད་འདུག

བཀའ་ཤག་གི་བསྒྲགས་གཏམ་ནང་། “ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནས་སྐུ་ཚེ་ཧྲིལ་པོ་བོད་རྒྱ་ཆེ་མི་མང་གི་རང་དབང་དང་བདེ་སྡུག་ཆེད་སྐུ་ངལ་ཚད་མེད་བསྐྱོན་ཡོད། དགུང་གྲངས་༢༤ ལ་ཕེབས་སྐབས་ཁོང་གིས་རྒྱ་ནག་གི་སྲིད་བློན་ཀྲའུ་ཨེན་ལེ་ལ་སྙིང་སྟོབས་ཆེན་པོའི་ཐོག་ནས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་བ་དང་། སྙན་ཞུ་དེའི་ནང་རྒྱ་ནག་བཅིངས་གྲོལ་དམག་གིས་བོད་བཙན་འཛུལ་རྗེས་བོད་གངས་ཅན་ལྗོངས་སུ་གཏོར་བཤིག་ཇི་འདྲ་བཏང་བ་དང་། བོད་མི་ཚོས་རྒྱ་ནག་གི་དབང་སྒྱུར་འོག་དཀའ་སྡུག་ཇི་འདྲ་མྱངས་དང་མྱོང་བའི་སྐོར་གནས་ཚུལ་ཞིབ་རྒྱས་བཀོད་ཡོད་”ཅེས་དང་། “བོད་མི་མང་གི་མྱངས་དང་མྱོང་བཞིན་པའི་དཀའ་སྡུག་སྐོར་སྙན་ཞུ་དེ་འདྲ་བ་ཞིག་རྒྱ་ནག་གི་མཐོ་རིམ་འགོ་འཁྲིད་ཚོར་ཕུལ་ནུས་པའི་སྙིང་སྟོབས་ཆེན་པོ་ཡོད་པའི་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་པ་མཆོག་ནི་རྣམ་དཔྱོད་ལྡན་པའི་ཆོས་ལུགས་དབུ་འཁྲིད་གཙོ་གྲས་ཤིག་ཀྱང་ཡིན། ཁོང་ནས་སྐུ་ཚེ་ཧྲིལ་པོ་བོད་མི་མང་གི་བདེ་དོན་ལ་ཐུགས་འཁུར་དང་། གོ་སྐབས་ནམ་བྱུང་ལ་བོད་མིའི་དཀའ་སྡུག་གསལ་བཤད་གནང་ཡོད།” དེ་བཞིན་“ཕྱི་ལོ་༡༩༨༩ ཟླ་༡ ཚེས་༢༤ ཉིན་བཀྲ་ཤིས་ལྷུན་དགོན་དུ་བསྩལ་བའི་གསུང་བཤད་མཐའ་མའི་ནང་། རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ཉམས་དམས་ཚབས་ཆེན་བཏང་བར་སྐྱོན་བརྗོད་དྲག་པོ་གནང་ཡོད། དེ་ཡང་ཁོང་གིས། “ང་ཚོས་ག་རེ་བརྗོད་ཀྱི་ཡོད་ཅེ་ན། སངས་རྒྱས་ཀྱི་བསྟན་པ་ནི་སོ་སོའི་སྲོག་ལས་ཀྱང་གཅེས་པར་འཛིན་གྱི་ཡིན་ཞེས་བརྗོད་ཀྱི་ཡོད། འདི་གཏོར་དགོས་ཟེར་བ་ག་དྲ་བྱས་ཏེ་དང་ལེན་བྱེད་ཐུབ་བམ། དེ་ནི་དབྱེ་བ་འབྱེད་དགོས་པ་ཞིག་ཡིན་པར་ང་རང་བསམ་གྱི་ཡོད། ཡིན་ན་ཡང་དོན་དུ་ང་ཚོར་རེ་བ་བཏོན་པ་ནི་ཧ་ཅང་ཁྱད་མཚར་པོ་དང་། ཀྱོག་ཀྱོག དོན་དུ་གྲུབ་མི་ཐུབ་པ་ཞིག་བཏོན་”ཡོད་སྐོར་དང་། རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་ལོ་བཅུ་ཕྲག་གསུམ་གྱི་རིང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ཡོད་པ་དང་། བོད་ནང་འགྲིག་པའི་ལས་དོན་རེ་ཟུང་སྤེལ་ཡོད་རུང་། ཚབས་ཆེའི་ནོར་འཁྲུལ་ཡང་མང་པོ་ཤོར་ཡོད། ཅེས་གསུངས་ནས་བོད་ནང་རྒྱ་ནག་གིས་སྡུག་སྦྱོང་མནར་གཅོད་བཏང་བ་རྣམས་བསྐྱར་དུ་ཐེར་འདོན་གནང་ཡོད།

གསུང་བཤད་དེ་གནང་ནས་ཉིན་བཞིའི་རྗེས་ཏེ་ཕྱི་ལོ་༡༩༨༩ ཟླ་༡ ཚེས་༢༨ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གནས་སྟངས་ཡ་མཚན་པོ་ཞིག་འོག་གློ་བུར་དུ་སྐུ་གཤེགས།  སྤྱིར་རྒྱ་ནག་གཞུང་འབྲེལ་ཐོག་ནས་རིན་པོ་ཆེ་མཆོག་སྙིང་གི་ནད་གཞི་ཕོག་རྐྱེན་དགོངས་པ་རྫོགས་ལུགས་འགྲེལ་བརྗོད་བྱས་ཡོད་ཀྱང་།  དཔའ་མཛངས་སྙིང་སྟོབས་ཅན་གྱི་བླ་ཆེན་ཁོང་ལྟ་བུ་ཞིག་གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དྲག་པོ་གནང་ནས་ཉིན་ཤས་ལས་མ་སོང་བར་གློ་བུར་སྙིང་ནད་འོག་དགོངས་པ་རྫོགས་འདུག་ཟེར་སྐབས་བློ་ཡུལ་དུ་གཤོང་དཀའ་བ་ཞིག་རེད།”

“ ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གར་སོང་ཆ་མེད་དུ་བསྒྱུར་ནས་ད་བར་མི་ལོ་༢༤ འདས་ཟིན་ཡོད། ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ད་ལྟ་གང་དུ་ཡོད་མེད་ཀྱི་གནས་ཚུལ་གསལ་བཤད་དགོས་སྐོར་ང་ཚོས་འབོད་བསྐུལ་དང་རྒྱལ་སྤྱིའི་གནོན་ཤུགས་ཇི་སྙེད་ཅིག་སྤྲོད་ཡོད་རུང་། རྒྱ་ནག་གཞུང་གིས་ད་བར་ཁོང་གི་ད་ལྟའི་གནས་སྟངས་སྐོར་གསལ་བཤད་གང་ཡང་བྱས་མེད། རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་ཆུང་དང་། ཆོས་ལུགས་དད་མོས་རང་དབང་ཐད་ཀྱི་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་སོགས་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་གཟུགས་བདེ་ཐང་ཡིན་མིན་དང་ཁོང་ཉིད་ད་ལྟ་གང་དུ་ཡོད་མེད་ཀྱི་གནས་ཚུལ་གསལ་པོ་ཤོད་དགོས་པའི་འབོད་བསྐུལ་གནང་བར་རྒྱ་ནག་དབང་འཛིན་པ་ཚོས་ཁོང་ད་ལྟའི་ཆར་བདེ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་བཞིན་ཡོད་པ་དང་། ཁོང་ལ་དེང་དུས་ཀྱི་ཤེས་ཡོན་ཐོབ་ཡོད་ལུགས་དང་། ཁོང་དང་ཁོང་གི་ནང་མི་རྣམས་ལ་ཕྱི་ནས་བསུན་གཙེར་བཟོ་བར་ཐུགས་འདོད་གནང་གི་མེད་ལུགས་བཅས་བསྐྱར་བཤད་ཡང་བཤད་ཁོ་ན་བྱས་ཡོད། རྒྱ་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་ཆོས་ཕྱོགས་ཀྱི་བསླབ་པ་སློབ་གཉེར་གྱི་གནས་སྟངས་སྐོར་གསལ་བཤད་གང་ཡང་མ་བྱས་པ་དེས་བོད་མིའི་སྲོལ་རྒྱུན་ཆོས་ཕྱོགས་ཀྱི་ལམ་ལུགས་དང་ཉམས་ལེན་གལ་ཆེན་ཡིན་པ་ད་དུང་ཡང་ཁོ་པ་ཚོས་རྒྱུས་ལེན་བྱེད་ཐུབ་མེད་པ་གསལ་སྟོན་བྱེད་ཡོད།

རྒྱལ་སྤྱིའི་ལྡིངས་ཆའི་སྟེང་རྒྱ་གཞུང་གིས་བོད་ནང་ཆོས་དད་རང་དབང་ཡོད་ཅེས་ཡང་ནས་ཡང་དུ་བརྗོད་ཀྱི་ཡོད་པ་སོང་། གལ་ཏེ་དེ་དངོས་བདེན་ཡིན་ཚེ། ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་རྒྱལ་སྤྱིའི་མི་མང་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་གཏོང་ཐབས་གནང་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན།”ཞེས་འཁོད་འདུག

དེ་བཞིན་དམིགས་བསལ་སྐུ་མགྲོན་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་། སྐུ་མགྲིན་གཙོ་བོ་ཨཱ་ཇེ་སིང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨརྱ་ཡེ་ཤེས་ཕུན་ཚོགས་བཅས་ནས་གསུང་བཤད་གནང་སོང་།

ཉིན་དེར་༧པཎ་ཆེན་རིན་པོ་ཆེ་གློད་གྲོལ་ཡོང་ཆེད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག ས་གནས་ཁག་ལྔ་ནས་ཞི་བའི་གོམ་བགྲོད་ལས་འགུལ་འགོ་འཛུགས་བྱས་ཡོད་པ་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱིས། ༧པཎ་ཆེན་རིན་པོ་ཆེ་གློད་གྲོལ་ཡོང་ཆེད་དུ་གོ་སྒྲིག་བྱས་པའི་རྡ་ས་ནས་ལྡི་ལི་བར་གྱི་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་བསྒྲིལ་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༡༡༡ ཀློག་གྲངས།