རྒྱུན་གནས་མི་ཐུབ་པའི་དཀའ་ངལ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༤༨   ཕྱི་ལོ་ ༢༠༡༩/༤ /༢༤

འདས་པའི་མི་ལོ་དྲུག་ཅུ་ཙམ་གྱི་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་འོག དབུ་འོག་དཔུང་འདེགས་ཀྱི་མཛད་འགན་བཞེས་མཁན་རྣམས་ཀྱིས་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་སྲ་བརྟན་དང་རྒྱུན་གནས་ཡོང་བའི་ཐབས་ཤེས་བར་མ་ཆད་དུ་གནང་ཡོད་ཀྱང་། ཐོག་མའི་དམིགས་ཡུལ་དང་རེ་བ་བཞིན་ད་ལྟའི་ཆར་ཡང་འགྲུབ་ཐུབ་མེད། དེར་བརྟེན་འཛུགས་སྐྲུན་དང་ལས་འཆར་ཆེ་ཆུང་མང་ཆེ་བ་ཐོག་མ་འགོ་འཛུགས་བྱ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་མེད་ནའང་། ལས་འཆར་དེ་དག་མཇུག་སྐྱོང་ཚུལ་བཞིན་བྱ་རྒྱུ་ནི་དཀའ་ངལ་ཆེ་ཤོས་སུ་གྱུར་ཡོད། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་དུ་གནས་སྡོད་བཙན་བྱོལ་བོད་མི་ཕལ་མོ་ཆེ་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་གཏན་སྡོད་གཞིས་བསྐྱོད་བྱ་རྒྱུའི་བསམ་བློ་ཧ་ཅང་དར་ཁྱབ་ཆེན་པོ་ཡོད་པའི་སྐབས་ཡིན་པས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་། སློབ་གྲྭ་ཁག དགོན་སྡེ་ཆུང་ཁག དེ་བཞིན་གཞུང་སྒེར་གྱི་ཚོགས་སྡེ་ཁག་བཅས་ལ་རྐང་འཛིན་མི་སྣ་ཤེས་འཇོན་ཉམས་མྱོང་ཅན་མེད་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་རེད།

བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་གཞིས་ཆགས་ཆུང་ཁག་མང་པོ་ཞིག་ལ་རྒྱུན་དུ་རྒན་རྒོན་དང་བྱིས་པ་ཙམ་ལས་སྡོད་མཁན་དཀོན་པ་དང་། དགོན་སྡེ་ཆུང་ཁག་མང་པོ་ཞིག་ཏུའང་སྤྱི་ཡོངས་ནས་གྲྭ་རྒྱུན་དཀོན་པ་མ་ཟད། བོད་པ་རང་ངོས་ནས་གྲྭ་ཚང་དུ་འཛུལ་ཞུགས་བྱེད་མཁན་གྱི་བྱིས་པ་ནི་ད་ལྟའི་ཆར་སྲིད་མཐའ་མ་བཀག་ཙམ་ཞིག་ཏུ་གྱུར་ཟིན། ཧི་མ་ལ་ཡའི་རི་རྒྱུད་ནས་བཙན་བྱོལ་བོད་པའི་དགོན་སྡེ་ཁག་ཏུ་གྲྭ་རྒྱུན་འཛུལ་ཞུགས་བྱེད་མཁན་ཅུང་མང་བ་ནི། ད་ལྟའི་ཆར་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་ཡིན་ཡང་། བོད་པའི་དགོན་སྡེ་ཆུང་མང་པོའི་ནང་བོད་སྐད་མི་ཤེས་པའི་གྲྭ་རྒྱུན་ཧ་ཅང་མང་དུ་སོང་ནས། བོད་མི་དད་ལྡན་པ་ཞིག་དགོན་པར་སླེབས་ནས་སྐྱབས་རྟེན་དང་བསྔོ་རྟེན་འབུལ་ཡུལ་གང་དུ་ཡོད་མེད་དགེ་འདུན་པར་རྩད་གཅོད་བྱེད་སྐབས། བོད་སྐད་ཀྱིས་གོ་བརྡ་མི་འཕྲོད་པའི་གནས་ཚུལ་ཡོང་གི་ཡོད་པ་ནི་རྒྱུན་ལྡན་ལྟ་བུར་གྱུར་ཡོད། རིམ་པས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲྭ་རྒྱུན་ཡང་དཀོན་དུ་འགྱུར་སྲིད་པ་དང་། མ་འོངས་པར་བཙན་བྱོལ་བོད་པའི་དགོན་སྡེ་ཁག་ནི་འགྲེམས་སྟོན་ཁང་ཙམ་དུ་འགྱུར་རྒྱུ་ཁོ་ན་ལས་མེད།

དེ་བཞིན་བཙན་བྱོལ་བོད་པའི་སློབ་གྲྭ་ཁག་ཏུ་སློབ་ཕྲུག་གསར་པ་འཛུལ་ཞུགས་བྱེད་མཁན་དཀོན་དུ་འགྲོ་བཞིན་ཡོད་སྟབས། རིམ་པས་སློབ་གྲྭ་ཁག་ཀྱང་དགོན་སྡེ་ཁག་གི་གནས་སྟངས་དང་གཅིག་མཚུངས་ཡིན་ལ། བོད་པའི་སློབ་གྲྭ་ཁག་ཏུའང་བོད་པ་མ་ཡིན་པའི་སློབ་ཕྲུག་མང་པོ་འཇུག་བཞིན་ཡོད་སྟབས། དེའི་ཤུགས་རྐྱེན་ལ་བརྟེན་ནས་བོད་པའི་བུ་ཕྲུག་རྣམས་ཀྱང་བོད་སྐད་གཙང་མ་རྒྱག་མི་ཐུབ་པ་ཞིག་ཏུ་འགྱུར་བཞིན་ཡོད། ད་ལྟའི་ཆར་རྒྱ་གར་དུ་གནས་སྡོད་བྱེད་མཁན་བཙན་བྱོལ་བོད་པའི་མི་འབོར་ནི་ཁྲི་དྲུག་གཡས་གཡོན་ཙམ་ལས་མེད་པར་གྱུར་ཟིན་ཅིང་། སྔོན་མ་སྲིད་སྐྱོང་གིས་ཕྱི་ལོ་༢༠༢༠ ལོར་བཙན་བྱོལ་བོད་མི་རྣམས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་ཁག་ཏུ་སྡོད་མཁན་བརྒྱ་ཆ་ལྔ་བཅུ་ལྔ་བཅུ་ཆགས་སྲིད་སྐོར་གསུངས་པ་དེ། ད་ལྟའི་ཆར་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ར་གསལ་པོ་འཕྲོད་ཡོང་གི་ཡོད་པ་དང་། ད་ལྟ་ཡང་ཕྱི་རྒྱལ་ཡུལ་ཁག་ཏུ་བསྐྱོད་རྒྱུའི་བསམ་བློ་དང་རེ་བ་ལ་འགྱུར་བ་སོང་མེད་པས། མ་འོངས་པར་བཙན་བྱོལ་བོད་པའི་གནས་སྟངས་ག་འདྲ་ཞིག་ཏུ་འགྱུར་མིན་ནི་ཧ་ཅང་བཤད་དཀའ་བ་ཞིག་ཏུ་གྱུར་ཡོད། འོན་ཀྱང་མ་འོངས་པར་རྒྱ་གར་རྒྱལ་ཁབ་ཆེན་པོ་དེ་སྤྱི་ཡོངས་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་ཆེན་པོ་འགྲོ་ངེས་པ་དང་། དུས་རབས་ཉེར་གཅིག་པ་དེ་ཨེ་ཤི་ཡར་བདག་པ་ཞིག་ཡིན་པའི་བཤད་སྲོལ་བཞིན། རྒྱ་གར་ནི་ཕྱོགས་གང་ཐད་ནས་ཡར་རྒྱས་ཆེན་པོ་འགྲོ་བའི་དབང་དུ་བཏང་ན། སྐབས་དེ་དུས་ཕྱི་རྒྱལ་ཡུལ་ཁག་ཏུ་གནས་སྡོད་བྱེད་མཁན་བོད་པ་མང་པོ་ཞིག་རྒྱ་གར་དུ་ཕྱིར་འཚང་ཁ་ཤིག་ཤིག་བྱས་ནས་ལོག་ངེས་ཡིན་ཡང་། རྒྱ་གར་གཞུང་གི་སྲིད་བྱུས་དང་འཆར་གཞི་ཁག་གཞི་རྩ་བརྟན་པོ་དང་ཕུགས་རྒྱང་རིང་པོ་ཡོད་མེད་ལ་རག་མི་ལས་པར། གཙོ་བོ་རྒྱ་གར་མི་མང་གི་བསམ་བློ་དང་ལྷག་པར་དུ་མི་རེ་ངོ་རེ་བཞིན་སྤྱི་དོན་ཁུར་ཁྱེར་གྱི་བསམ་བློ་དེ་རྒྱ་ཆེ་རུ་མ་སོང་ན། དེའི་ཚོད་ཀྱིས་རྒྱ་གར་གྱི་སྤྱི་ཚོགས་ལ་ཡར་རྒྱས་རྒྱ་ཆེན་པོ་ཞིག་འགྲོ་རྒྱུའི་གོ་སྐབས་དང་ཁོར་ཡུག་གཉིས་ཀ་ཧ་ཅང་ཞན། དེར་བརྟེན་ད་ལྟ་དང་མ་འོངས་པ་གཉིས་ཀར་བཙན་བྱོལ་བོད་མི་ཕལ་མོ་ཆེའི་སེམས་ནང་གི་མི་ཡུལ་གྱི་དག་ཞིང་ནི་རྒྱ་གར་གཏན་ནས་མིན།

མདོར་ན་བོད་མིའི་སྒྲིག་འཛུགས་དང་། གཞིས་ཆགས་ཁག སློབ་གྲྭ་ཁག དགོན་སྡེ་ཁག་སྲ་བརྟན་དང་ཡུན་གནས་ཇི་ལྟར་ཐུབ་མིན་དང་། བོད་ཀྱི་ཆོས་དང་རིག་གནས་རྒྱུད་འཛིན་དར་སྤེལ་ཇི་ལྟར་ཐུབ་མིན་ནི། གཙོ་བོ་བཙན་བྱོལ་བོད་མིའི་བསམ་བློ་ཁོ་ན་ལ་རག་ལས་པ་དང་། བོད་པའི་སྲོལ་རྒྱུན་གྱི་བསམ་བློའི་ནང་རྒྱ་གར་འཕགས་པའི་ཡུལ་ཞེས་ཁ་ཞེ་གཉིས་མེད་ཀྱི་གུས་ཞབས་དང་བརྩི་མཐོང་ཆེན་པོ་ཡོད་པ་བཞིན། མ་འོངས་པར་ཡང་རྒྱ་གར་དུ་འཛམ་གླིང་གི་ཡུལ་གྲུ་གཞན་ལ་མེད་པའི་ཁྱད་ཆོས་མང་པོ་ཡོད་པ་དེ་ངོས་འཛིན་ཐུབ་པའི་བསམ་བློ་ཞིག་སླེབས་ན་གཞིས་ཆགས་ཁག་དང་། དེ་བཞིན་སློབ་གྲྭ་དང་དགོན་སྡེ་ཁག་བཅས་སྲ་བརྟན་ཐུབ་ངེས་རེད། གཞིས་ཆགས་དང་། སློབ་གྲྭ། དགོན་སྡེ་ཁག་སོགས་བརྟན་གནས་མ་ཐུབ་ན། བོད་མིའི་སྒྲིག་འཛུགས་ཀྱང་རང་བཞིན་གྱིས་གནས་དགོས་དོན་མེད་ལ། གནས་ཀྱང་མི་སྲིད་པ་རེད། ད་ཆ་བོད་མིའི་སྒྲིག་འཛུགས་ལ་ལས་འཆར་མང་པོ་ཞིག་ཡོད་ཀྱང་བཙན་བྱོལ་བོད་མིའི་སེམས་པ་གནས་ཐུབ་པའི་གྲུབ་འབྲས་ཤིག་མ་བྱུང་བར་འགྲོ་སོང་ག་ཚད་བཏང་ཡང་ནུས་པ་ཐོན་དཀའ་སྙམ།།

Share this:
༨༦༣ ཀློག་གྲངས།