ཤར་རྒྱལ་མོ་ཚ་བ་རོང་གི་གནའ་མཁར་ལས་འཕྲོས་པའི་གཏམ།

སྤྱིར་གནའ་མཁར་ནི་རྒྱལ་རོང་ཡུལ་མིའི་ལག་རྩལ་དང་རྣམ་དཔྱོད་ལས་ཐོན་པའི་ཐུན་མིན་གྱི་ཁྱད་ཆོས་སམ་སྒྱུ་རྩལ་རང་བཞིན་ཅན་གྱི་བོད་ཀྱི་གནའ་བོའི་ཤེས་རིག་དང་འབྲེལ་བའི་རིག་གཞུང་གི་གྲུབ་ཆ་ཞི་ཡིན་མོད། དེའི་ཕྱིར་ངས་འདིར་གནའ་མཁར་གྱི་སྐོར་ལ་རྣམ་གྲངས་སམ་སྡེ་ཚན་གསུམ་གྱི་སྒོ་ནས་མདོ་ཙམ་གླེང་བར་བྱའོ།།

༡༽ མཁར་གྱི་བྱུང་རིམ།

༢༽  མཁར་གྱི་ཟུར་མང་ཉུང་གི་མཚོན་དོན།

༣༽ རྒྱལ་རོང་གི་སྐད་རིགས་གཉིས་ལ་ཆགས་འཇིག

དེ་ལྟར་གོང་དུ་བཤད་པའི་རྣམ་གྲངས་གསུམ་དུ་མ་བཤད་པའི་སྔོན་དུ་རྒྱལ་རོང་ཞེས་པའི་དོན་དང་རྒྱལ་རོང་གི་རིགས་རུས་ཀྱི་སྐོར་ནས་ཅུང་ཙམ་གླེང་བར་འདོད། 

རྒྱལ་ཞེས་པ་ནི་ཞང་ཞུང་རྒྱལ་པོའི་རིགས་རུས་ལས་ཆད་པའི་རྒྱལ་རྒྱུད་ཡིན་པས་ན་རྒྱལ་ཞེས་ཐ་སྙད་འདི་གྲུབ་པ་ཡིན་ཏེ། ཁྲོ་སྐྱབས་ཕྱོགས་སུ་ཁྲོ་སྐྱབས་རྒྱལ་པོའི་མངའ་འོག་ཏུ་བློན་པོ་གོ་གནས་ཅན་དག་གི་ཁྱིམ་ཚང་ངམ་དུད་ཚང་གི་མིང་ལ་ཞང་རྒྱལ་ཞེས་བརྗོད་དེ་དོན་དངོས་སུ་སྟོད་ཞང་ཞུང་རྒྱལ་པོའི་རུས་རྒྱུད་ལས་ཆད་པའི་མི་རིགས་ཤིག་གི་ངོ་བོ་དེ་ཡུན་རིང་ཕྱིན་པའི་ལོ་ཟླའི་ཁྲོད་ནས་རིམ་བཞིན་ཁྱིམ་ཚང་ཞིག་གི་མིང་དུ་གྱུར་བར་མངོན་ནོ།  རོང་ཞེས་པ་ནི་རྒྱལ་རྒྱུད་དེ་དག་རོང་ཆེན་བཞིའི་ཡ་གྱལ་བོད་ཀྱི་ཤར་ཕྱོགས་རྒྱལ་མོ་ཚ་བ་རོང་དུ་ལོ་རབས་སྟོང་ཕྲག་དུ་མའི་གོང་ནས་གཞིས་ཆགས་ཤིང་རྟེན་བཅས་པས་ནའོ།

སྤྱིར་ཤར་རྒྱལ་མོ་ཚ་བ་རོང་གི་མི་རིགས་འདིའི་རུས་རྒྱུད་ཀྱང་རུས་དྲུག་གི་ནང་ཚན་བསེ་ཁྱུང་སྦྲ་འམ་དབྲ་རིགས་ཀྱི་ཁོངས་སུ་གཏོགས་མོད།  འོན་ཀྱང་རེ་འགས་རྒྱལ་རོང་གི་སྐད་ཡིག་ལ་རྒྱུས་ལོན་དང་ཆ་རྒྱུས་ཡག་པོ་ཞིག་གཏན་ནས་མེད་ནའང་གང་ཅིིའི་ཐད་ནས་ཧམ་བཤད་དང་རྟོག་བཟོ་སོགས་རང་སྣང་གང་ཤར་གྱི་འགྲེལ་ལོག་བརྒྱབ་འདུག་པའང་སྣང་ཞིང་། དེ་ལྟ་བུའི་རིགས་ནི་ཕལ་ཆེར་གོམས་གཤིས་ལ་ངན་ལང་ཤོར་བའི་དབང་གིས་མིན་ནམ་སྙམ།  སྤྱིར་བཏང་ང་ཚོ་བོད་མི་ཕལ་མོ་ཆེ་ལ་ཐུན་མོང་གི་གཤིས་ཀ་འམ་གོམས་གཤིས་གཅིག་མཚུངས་ཤིག་ཡོད་པ་ནི་ཐོབ་གོ་ས་དང་མིང་སྙན་གྲགས་ཅུང་ཙམ་ཡོད་མཁན་ཞིག་ཡིན་ཕྱིན་ཆད་དེས་གང་གསུངས་པ་ཐམས་ཅད་བདེན་ཤག་དང་ཡིན་ཤག་ཏུ་བརྩི་བའི་ལམ་ལུགས་ལྟ་བུ་ཞིག་འདུག་སྟེ། དཔེར་ན་མདོ་སྨད་ཆོས་འབྱུང་ལས་དབྲ་རིགས་ལ་རྒྱལ་རོང་གི་སྐད་ལ་ང་ཤིས་ཙ་ཞེས་བརྗོད་པ་རེད་ཅེས་གསུངས་འདུག་མོད། འོན་ཀྱང་རྒྱལ་རོང་གི་སྐད་ལ་ང་ཤིས་ཙ་ཞེས་པ་དེའི་དོན་ནི་འདི་ལྟར་ཏེ། ཡབ་རྒྱལ་པོ་དང་ཡུམ་རྒྱལ་མོ་གཉིས་ཀྱི་སྲས་རྒྱལ་སྲིད་འཛིན་མཁན་དེ་ལ་ང་ཤིས་ཙ་ཞེས་སུ་འབོད་ཅིང་། ཡབ་རྒྱལ་པོ་དང་ཡུམ་རྒྱལ་མོ་གཉིས་ཀྱི་སྲས་མོ་དེ་ལ་ང་ཤི་མུ་ཞེས་དང་། ཡབ་རྒྱལ་པོ་དང་ཡུམ་རྒྱལ་མོ་འམ་རྒྱལ་རོང་གི་སྐད་དུ་རྒྱལ་པོ་ལ་ངུ་པི་དང་རྒྱལ་མོ་ལ་བདག་མོ་ཟེར་ལ་དེ་གཉིས་ཀྱི་སྲས་ཁྱིམ་སྤང་ནས་ཆོས་སྒོར་ཞུགས་པའི་རབ་ཏུ་བྱུང་བ་དེ་ལ་ནང་སོ་ཞེས་བརྗོད་པ་ལས་རྒྱལ་རོང་གི་སྐད་ལ་ང་ཤིས་ཙ་ཞེས་པ་དེ་དབྲ་རིགས་ལ་གོ་བ་རེད་ཅེས་པའི་གཏམ་དེ་ནི་ཁུངས་ལུང་མེད་པའི་ལབ་རྡོལ་ལྟ་བུ་ཞིག་སྟེ་ང་ཤིས་ཙ་ཡིན་ན་དབྲ་རིགས་ཡིན་པའི་ཁྱབ་ཀྱང་། དབྲ་རིགས་ཡིན་ན་ང་ཤིས་ཙ་ཡིན་པའི་མ་ཁྱབ་སྟེ་རྒྱལ་རོང་གི་ཡུལ་མི་ཐམས་ཅད་ཀྱི་རིགས་རུས་དབྲ་རིགས་ཡིན་ནའང་ང་ཤིས་ཙ་མ་ཡིན་པས་རྒྱུ་མཚན་ནི་གོང་དུ་བཤད་པ་ལྟར་རོ། སྤྱིར་དེ་ཡི་རིགས་ནི་རྒྱལ་རོང་གི་སྐད་ལུགས་ལ་གོང་འོག་གི་གོ་རིམ་དང་བེད་སྤྱོད་བྱེད་སྟངས་སོགས་ཀྱི་སྲོལ་རྒྱུན་རིག་གནས་ལ་ཆ་རྒྱུས་གཏན་ནས་མེད་པས་སྐྱོན་ཁོ་ནར་ཟད་དོ།  རྒྱལ་རོང་གི་སྐད་ལ་དེ་ཙམ་ཆ་རྒྱུས་མེད་པའི་རིགས་ལ་ཁག་མེད་ཅེས་བརྗོད་ན་རེ་ཞིག་བསམ་བློ་གུ་ཡངས་ཅན་གྱི་ལྟ་སྟངས་ཤིག་ཏུ་འགྱུར་སྲིད་མོད། འོན་ཀྱང་ལོ་རྒྱུས་ཤིག་གླེང་ཕྱིན་ཆད་དོན་དངོས་གང་ཡིན་པ་དེ་ར་སྤྲོད་དང་བདེན་རྫུན་གྱི་ཁྱད་པར་འབྱེད་ཅིང་རྩོད་ལེན་བྱེད་དགོས་པ་ལས་དངོས་ཡོད་ཀྱི་ལོ་རྒྱུས་ནག་བསུབ་ཏུ་བཏང་ན་རང་ཉིད་ཀྱང་ལོ་རྒྱུས་ཀྱི་ཉེས་ཅན་ཞིག་གི་གྲས་སུ་འགྱུར་ལ། སྤྱིར་རྒྱལ་རོང་རང་ས་རང་ཡུལ་ནས་ས་སྐྱེས་རྡོ་སྐྱེས་ཀྱི་རྒྱལ་རོང་གི་ཡུལ་མི་ཡིན་ནའང་རྒྱལ་རོང་གི་སྐོར་ལ་མཁས་པ་གཞན་གྱི་འགྲེལ་ལོག་ཇི་ལྟར་བརྒྱབ་ཀྱང་དེ་དག་ཡིན་མིན་ལ་བསམ་གཞིག་ཙམ་ཡང་མི་གནང་བར་ཡིན་ཤག་ཤག་ཏུ་འདོད་ཅིང་། དེ་ནི་ལོང་བའི་ལག་ཏུ་རྫས་ཁྲ་བདམས་པ་ལྟ་བུ་སྟེ། གཏད་སོ་མེད་པའི་ལུགས་སྲོལ་ལྟ་བུ་ནི་ཕྱོགས་གཅིག་ནས་བལྟས་ན་ཐབས་སྐྱོ་བོ་ཞིག་དང་དངོས་གནས་འགན་ཁུར་མེད་པའི་སྐྱོན་ཆ་ཞིག་ཏུ་མཐོང་།  དེ་ཕྱིར་བློ་གཟུ་བོར་གནས་དགོས་པ་ལས་མཁས་པས་འཆུག་ན་འདོམ་གང་ཞེས་པ་ལྟ་བུ་སྟེ། མི་མང་པོ་ཞིག་ལོག་ལམ་དུ་འཁྲིད་རྒྱུའི་ཉེན་ཚབས་ཤིན་ཏུ་ཆེ་བ་ནི་སྨྲོས་ཅི་དགོས། ལྷག་པར་དུ་ལིག་ལྦེར་དང་། ཀ་ལིང་ཀེ། ཀ་ལིང་ཡེ། བཙན་ལྷ། ཅོག་ཙེ། རྫི་འགག།  སོ་མང་། དགེ་བཤེས་ཙ་ལྟ་བུ་རྒྱལ་ས་དེ་དག་གི་མིང་ཡང་ཞང་ཞུང་གི་སྐད་དང་རྒྱལ་རོང་རང་གི་བརྡ་རྙིང་དང་འབྲེལ་བར་གྲུབ་པ་ཤ་སྟག་ཡིན་མོད། འོན་ཀྱང་རེ་འགས་ཐ་སྙད་དེ་དག་གི་དོན་དངོས་ཀྱི་གནད་དོན་མ་ཁྲོལ་བར་དེང་གི་སྐད་ལུགས་དང་མཐུན་ཅི་ཐུབ་ཀྱིས་བཟོ་བཅོས་བྱེད་པའི་རིགས་ནི་ནོར་འཁྲུལ་ཞིག་ལས་གཞན་དགོས་པ་གང་ཡང་མ་མཆིས།

ད་དུང་སྔར་བོད་ཀྱི་ནུབ་ཕྱོགས་སུ་བོད་འབངས་ཀྱི་ཁོངས་སུ་གཏོགས་ཤིང་། འོན་ཀྱང་དེང་སང་རྒྱ་གར་རྒྱལ་ཁབ་གྱི་བྱང་ཕྱོགས་ཁོངས་སུ་གཏོགས་པའི་ལ་དྭགས་ཀྱི་རྒན་རྒོན་འགའ་དང་ཁོ་བོ་དངོས་སུ་ཐུག་ནས་གླེང་མོལ་བྱས་དུས་རྒྱལ་རོང་བ་འགའ་དང་ཐུག་འཕྲད་བྱུང་བ་མིན་ནམ་སྙམ་པའི་ཚོར་སྣང་བྱུང་། རྒྱུ་མཚན་ཁོང་ཚོས་བཤད་པའི་བོད་སྐད་ཀྱི་སྐད་ཆའི་སྒྲ་གདངས་ནི་རྒྱལ་རོང་བ་དང་གཅིག་མཚུངས་སུ་འདུག་ལ། མ་ཟད་ཁོང་ཚོས་བོད་ཡིག་ཀློག་སྟངས་ཀྱི་སྒྲ་གདངས་ཀྱང་རྒྱལ་རོང་བའི་བོད་ཡིག་ཀློག་སྟངས་དང་གཅིག་པ་རེད། ད་དུང་ལ་དྭགས་ཀྱི་བུད་མེད་ཀྱི་ཆས་དང་ཁུ་ནུའི་བུད་མེད་ཀྱི་ཆས་ནི་རྒྱལ་རོང་བའི་བུད་མེད་དག་གི་གནའ་བོའི་གྱོན་ཆས་རྙིང་པ་རིགས་གཉིས་ཡོད་པ་དེ་དང་གཅིག་མཚུངས་སུ་འདུག་སྟེ་རྒྱལ་རོང་ཁྲོ་སྐྱབས་བར་པའི་སྐད་དུ་༼ར་སྔུན་༽ ཞེས་པའི་ལྭ་བ་དེ་དབྱར་ཆས་ཡིན་ལ།  ༼སྒུར་པ་༽ ཞེས་པའི་ཆས་དེ་དགུན་ཆས་དེ་དང་གཅིག་མཚུངས་སུ་འདུག་པར་མ་ཟད་ད་དུང་ཁུ་ནུའི་ཞང་ཞུང་ཤོན་རྩེ་ཞེས་པའི་ཞབས་བྲོ་དང་རྒྱ་རོང་བའི་རྒྱལ་རོང་རྒེ་ཞེས་པའི་ཞབས་བྲོ་འཁྲབ་སྟངས་དང་བྲོ་དཔོན་གྱི་ལག་ཏུ་གཡག་དཀར་པོའི་རྔ་མ་གཡུག་སྟངས་སོགས་གཅིག་མཚུགས་སུ་འདུག་ལ། སྔོན་ནས་ད་བར་ལེ་བར་སྟོང་ཕྲག་གིས་རྒྱང་མཚམས་བཅད་ཅིང་།  རི་ཆུ་སྟོང་ཕྲག་གི་ཕ་རོལ་ན་ཤར་རྒྱལ་མོ་ཚ་བ་རོང་གི་སྐད་གདངས་དང་ཆ་ལུགས་མཐུན་པའི་མི་རིགས་ཤིག་ཧོབ་ཏེ་དངོས་སུ་མཐོང་དུས་སེམས་ནང་དགའ་སྤྲོ་ཞིག་དང་ལྷན་དུ་ལོ་རྒྱུས་ཁྲོད་དུ་ང་ཚོའི་བར་གྱི་འབྲེལ་ཟམ་གྱི་དབུགས་རྒྱུན་མ་འགག་ཅིང་ད་དུང་མ་ཤི་གསོན་པོའི་ཚུལ་དུ་བར་གསེང་ན་ལྷག་ཅིང་གནས་པར་རྟོགས་དུས་དངོས་གནས་དགའ་བ་འབུམ་གྱིས་བལྟས།

གནའ་སྒྲུང་ལས། འགག་དོག་མོ་གསུམ་ནི་སྦྲ་ལ་ཐོབ།  སྦྲ་དཔའ་རྩལ་ཆེ་བ་དེ་ནས་བྱུང་ཞེས་བཀོད་ཡོད་པ་ལྟར། འགག་དོག་མོ་གསུམ་གྱི་དོན་ནི།
རི་ཆུ་ལུང་གསུམ་གྱི་འག༵ག་འཕྲེང་བཙན་ཞིང་།

༡༽ དང་པོ་རིའི་འགག།  སྤང་རི་དང་། གངས་རི། ནགས་རི། རྫ་རི། བྲག་རི་སོགས་ཀྱི་རི་ཡི་རིགས་ཧ་ཅང་མང་སྟེ། རི་དེ་དག་གི་རི་རྩེ་མཐོ་ལ་འགག་འཕྲེང་བཙན་ཞིང་། གཡང་གཟར་ལ་ལམ་འཕྲང་དོག་ཅིང་གང་ཟག་ཕལ་བ་ལས་སླ་བོར་རི་དེ་དག་བརྒལ་ཞིང་ཐར་ཐབས་དཀའ་བས་ན་རི་ཡི་འགག་དང་།

༢༽གཉིས་པ་ཆུའི་འགག། འཐུང་དུ་རུང་བའི་སྨན་ཆུ་དང་། བཏུང་ན་མི་རུང་བའི་དུག་ཆུ་སོགས་ཚེ་སྲོག་ལ་གནོད་པའི་ཆུ་སྣང་མང་ཞིང་།  ཤིང་གི་གཉན་ཆུ། རྡོ་ཡི་གཏོ་ཆུ།  ཡུལ་དེར་ཆུ་ཀླུང་ཆེ་ཞིང་། ཆུ་མཚམས་བརྒལ་དཀའ་ལ་ཆུ་ཡི་འགག་ལམ་བཙན་ཞིང་ཉེན་ཁ་ཆེ་བས་ན་ཆུ་ཡི་འགག་ཅེས་པས་སོ།
༣༽ གསུམ་པ་ལུང་བའི་འགག། ཡུལ་ལུང་དེར་གནས་པའི་བོད་རིགས་དེ་དག་ཡུལ་མི་གཞན་དང་ཅུང་མི་འདྲ་བར་ཁྲོ་གཏུམ་མམ་ཁོང་ཁྲོ་ཆེ་ཞིང་། སྟོབས་དང་དཔའ་རྩལ་ཆེ་ལ་རྣམ་དཔྱོད་ཀྱི་བློ་རིག་རྒོད་པས་ལས་སླ་བོར་མི་རིགས་གཞན་གྱི་བཙན་འཛུལ་མི་ནུས་ཤིང་། ཡུལ་ལུང་གཞན་གྱི་བླ་སྤྲུལ་དང་གྲྭ་བཙུན་སོགས་གནས་འདིར་འབྱོར་ཚེ་དེ་དག་ཡང་དག་པ་ཡིན་མིན་རྒྱལ་པོས་ཚོད་བགམ་བྱས་ཤིང་། གལ་སྲིད་ཉམས་རྟོགས་ཁྱད་པར་ཅན་གྱི་ཡོན་ཏན་སོགས་གང་ཡང་མེད་ཚེ་སེམས་ཅན་ལ་བསླུ་བྲིད་བྱེད་མཁན་ཡིན་པར་ངོས་འཛིན་བྱས་དེ་རྒྱལ་པོས་ཁྲིམས་ལུགས་ལྟར་བཙོན་ཁང་དུ་སྦྱར་ངེས་ཡིན་ལ།

བཀའ་ཤོག་ལས།

ཁ་དྲག་གཉའ་གནོན་ཁ་དམན་མགོན་སྐྱབས་ཡིན།།ཞེས་དང་། བཀའ་ལས་འགལ་མིར་ཉེས་ཆད་སྲོག་ཐོག་འགེལ།།ཞེས་སོགས་བཀོད་པ་ལྟར།
འདིར་འབྱོར་བའི་ཕལ་མི་སུ་ཡིན་རུང་རྒྱལ་པོས་བཀའ་ཁྲོལ་མེད་པར་འགྲོ་འོང་སོགས་ཀྱི་རང་དབང་མེད་པར་ཐར་དཀའ་ཞིང་རྒྱལ་ཁྲིམས་ཧ་ཅང་བཙན།  རྒྱལ་པོའི་ཁྲིམས་ལུགས་ལྟར་ལག་བསྟར་བྱ་ཞིང་། ཡུལ་གྱི་ས་རོང་དོག་ཞིང་ལུང་པའི་ཕུག་མདའ་གང་སར་གསང་ལམ་མང་ཞིང་ས་ཆར་ཚོད་ཟིན་དཀའ་བས་ན་ཡུལ་གྱི་འགག་ཅེས་བརྗོད་པས་སོ། ད་དུང་སོག་པོའི་རྟ་དམག་གིས་ཤར་ཨེ་ཤ་ཡའི་བརྒྱ་ཆ་དྲུག་ཅུ་དང་བོད་ཆོལ་ཁ་གསུམ་ཡོངས་སུ་དབང་དུ་བསྒྱུར་བའི་སྐབས་དེར་ཤར་རྒྱལ་མོ་ཚ་བ་རོང་ནི་སྔར་ལྟར་རང་ཆས་སུ་གནས་པ་འདི་ནི་ས་ལ་ཡུལ་ལུང་བཙན་ཞིང་མི་ལ་དཔའ་རྩལ་ཆེ་བས་ན་རང་སར་གནས་ཐུབ་པ་ཞིག་རེད།  སྤྱིར་རིགས་ལ་བསེ་ཁྱུང་སྦྲ་དང་དབྲ་རིགས་དང་སྒ་རིགས་ཞེས་པའི་ཐ་སྙད་འདི་ནི་དུས་རབས་སྔ་ཕྱིའི་བར་ལ་ཐ་སྙད་བེད་སྦྱོད་བྱེད་སྟངས་ཀྱི་ཁྱད་པར་ཙམ་ལས་དོན་དུ་ནང་འགལ་མེད་པའི་མིང་གི་རྣམ་གྲངས་ལས་མ་འདས།

༡༽ མཁར་གྱི་བྱུང་རིམ།

གནའ་མཁར་ནི་མི་ལོ་ཁྲི་ཚོའི་གོང་ནས་གནའ་བོའི་རྒྱལ་རོང་གི་ཡུལ་མིའི་བསམ་བློའི་རྣམ་དཔྱོད་དང་ལག་ཤེས་ཀྱི་སྒྱུ་རྩལ་ཁྱད་ཆོས་འབུར་དུ་ཐོན་པའི་ལོ་རྒྱུས་དང་ལྡན་པའི་སྲོལ་རྒྱུན་རིག་གནས་ཤིག་རེད། ཡུལ་ལྗོངས་འདིར་གནའ་བོའི་ངག་རྒྱུན་ཁྲོད་དུ་བུ་ཞིག་སྐྱེས་ན་གསས་མཁར་རྩིག་ཅེས་པའི་གཏམ་གྱི་སྲོལ་རྒྱུན་གྱི་རྒྱུན་ཐག་མ་འགག་ཅིང་སེམས་གྱི་ཀློང་རུམ་ནས་ད་དུང་སྔར་བཞིན་ལྷང་ངེར་གསལ་ཞིང་གནས། བུ་ཞིག་སྐྱེས་ཚེ་དེ་ནི་གནམ་འོག་གི་ཀ་བ་ལྟ་བུ་ཞིག་ཏུ་འདོད་དེ་དེར་ཧ་ཅང་གིས་རྩ་ཆེན་དང་མཐོང་ཆེན་དུ་བྱས་ཤིང་། དེར་རབ་ཏུ་གུས་ཤིང་བཀུར་བའི་ཚུལ་དུ་བཀྲ་ཤིས་ཤིང་སྐུ་ཚེ་རབ་ཏུ་བརྟན་པར་དམིགས་ནས་མི་ཤིག་པའི་གསས་མཁར་རེ་བརྩིགས་ཤིང་རིམ་བཞིན་རྒྱུན་ཆགས་སུ་གྱུར་ཏེ་འཚོ་བའི་ཁྲོད་དུ་སྲོལ་རྒྱུན་དུ་ཞིག་ཏུ་གྱུར།

དེ་ཡང་མཁར་གྱི་ཡང་རྩེར་མཁར་ཟུར་གཡས་གཡོན་གཉིས་ཀྱི་རྩེ་མོ་རྡོ་དཀར་པོས་བརྩིགས་ཤིང་། རྩིག་སྟངས་ཀྱང་མཁར་ཟུར་གྱི་རྩེ་མོ་ར་ལྟར་རྣོ་ཞིང་ཅུང་ཙམ་ནང་དུ་གུག་པའི་ཚུལ་དུ་བརྩིགས་པ་དེ་ཡིས་བྱ་རྒྱལ་ཁྱུང་གི་རྭ་ཅོ་གཡས་གཡོན་དང་། མཁར་ཟུར་གཉིས་ཀྱི་དཀྱིལ་དུ་ལ་བཙས་སམ་རྡོ་དཀར་གསུམ་སྤུང་བ་དེས་བྱ་རྒྱལ་ཁྱུང་གི་གཙུག་གི་ནོར་བུར་འདོད་ལ། རྒྱུ་མཚན་ནི་རྒྱལ་རོང་གི་རུས་དེ་བསེ་ཁྱུང་དབྲ་རིགས་མཚོན་བྱེད་གཙོ་བོ་ཞིག་ཏུ་གྱུར་བར་མ་ཟད་མཁར་དང་ཁང་པའི་སྒོ་གླད་ཀྱི་སྟེང་དུ་ཁྱུང་གི་རི་མོ་འདྲ་མིན་འཇོག་སྲོལ་ཡོད་པ་དེ་དག་གིས་རང་མི་རིགས་ཀྱི་ཆད་ཁུངས་བསེ་ཁྱུང་དབྲ་ཡིན་པར་མཚོན་ལ། མཁར་གྱི་རྩེ་མོ་ཁྱུང་རྭའི་ཅུང་ཙམ་འོག་ཏུ་ཆུ་སྲིན་གྱི་སྐེ་ལ་དྲིལ་བུ་ཅན་རེ་ཡོད་པ་དེས་ཆུ་སྲིན་དུ་མཚོན་པར་འདོད་ཅིང་། དེ་ནི་མདོ་གཟེར་མིག་གི་བསྟན་པ་རྗེས་བཞག་གི་ལེའུ་དང་ཀློང་རྒྱས་མངོན་རྟོགས་ལས། དབུའི་ཟེའུ་བྲོག་ནས་མགུལ་གྱི་བུམ་པ་ཡན་ཆད་དུ།  བྱ་ཁྱུང་གི་ཁ་ནས་ཆུ་སྲིན་ཟ་བ་ཞེས་པའི་གསས་ཁང་དཀར་ནག་བཀྲ་གསལ་བཞེངས་པའི་ལོ་རྒྱུས་ཀྱི་རྒྱུད་རིམ་དང་འབྲེལ་བ་གྲུབ་བོ།  མཁར་ལ་རྒྱལ་རོང་རྒྱལ་པོའི་སྐད་དུ་༼ཏ་ཡེ༽ རུ་འབོད་ལ། རྒྱལ་རོང་ཁྲོ་སྐྱབས་བར་པའི་འོ་བཟེ་སྐད་ལ་༼ ཁྱོ༽་ཅེས་ཟེར་རོ།  རྒྱལ་རོང་བས་བོད་ཡིག་ཀློག་སྟངས་ཀྱི་ཐད་ནས་ཆོལ་གསུམ་གཞན་དང་མི་འདྲ་བར་ཀློག་དུས་སུ་སྒྲ་ཐོས་པ་ཙམ་གྱིས་སྔོན་རྗེས་ཀྱི་ཁྱད་པར་དང་དག་ཆ་གང་ཡིན་རང་བཞིན་གྱིས་འབྱེད་ནུས་ཤིང་། སྒྲ་དག་ཚིག་གསལ་གྱི་ཀློག་སྟངས་འདི་ལ་རྒྱལ་རོང་བར་བོན་བན་གྱི་ཁྱད་པར་མེད་ཅིང་ཀུན་ལ་ཀློག་སྟངས་གཅིག་མཚུངས་སུ་གྱུར། མ་ཟད་སྔོན་གྱི་ལྷ་ཁང་དང་ཚོགས་ཁང་གནའ་མཁར་ཀུན་གྱི་སྟེང་དུ་གོང་དུ་བཤད་པའི་མཁར་ཟུར་གཡས་གཡོན་དུ་བྱ་ཁྱུང་གི་རྭ་དང་དེའི་འོག་ཏུ་ཆུ་སྲིན་དྲིལ་སྐེ་ཅན་རེ་རེ་ཡོད་པ་དེ་དག་གང་མང་ཞིག་གིས་བོན་གྱི་ལོ་རྒྱུས་དང་འབྲེལ་བ་ཡོད་པར་མ་ཤེས་ཤིང་སྔོན་གྱི་སྲོལ་རྒྱུན་རང་ཡིན་པར་འདོད་མོད། འོན་ཀྱང་དོན་དངོས་རྒྱལ་རོང་ཤོད་ཆེན་བཅོ་བརྒྱད་དུ་གྲགས་པའི་ཡུལ་ལྗོངས་འདིར་ཆེས་ཐོག་མར་ཆོས་ལུགས་བོན་ཁོ་ན་ཡིན་པར་སྲོལ་རྒྱུན་དེ་དག་གིས་ཀྱང་མཚོན་ཐུབ་པའོ།

དེ་ལྟར་ལོ་རབས་མང་པོ་བརྒྱུད་དེ་མི་རིགས་གཞན་གྱིས་ཚུར་དམག་དྲངས་བ་དང་། སྐབས་རེར་ཕར་ལ་དམག་བརྒྱབ་སྟེ་ཕར་རྒོལ་བྱས་པ་སོགས་དམག་འཁྲུགས་ཀྱི་ཟིང་ཆ་ཇེ་མང་བྱུང་སྟེ། རིམ་གྱིས་མཁར་ནི་དམག་བརྡ་གཏོང་བྱེད་ཀྱི་དམག་ཆས་ཡོ་བྱེད་ལྟ་བུ་ཞིག་གི་བཙན་རྫོང་དུ་གྱུར།  རྗེས་སུ་བོད་ཀྱི་ས་མཚམས་ནས་མཁར་ཐམས་ཅད་ཀྱི་སྟེང་ལ་བསང་བཏང་དང་དམག་དར་ཕྱར་བ།  དམག་དུང་བཏང་སྟེ་གང་སར་དམག་འཁྲུགས་ལངས་བའི་དམག་བརྡ་བཏང་། དེ་མ་ཐག་མྱུར་དུ་རྒྱལ་ཁག་བཅོ་བརྒྱད་ཀྱི་རྒྱལ་ས་སོའི་རྒྱལ་མཁར་གྱི་རྩེ་ལ་བསང་དུད་བཏང་ཞིང་དམག་དར་ཕྱར། དམག་དུང་བཏང་ཏེ་རིམ་བཞིན་རྒྱལ་ཕྲན་དང་ས་ཆ་ཡུལ་ལུང་སོ་སོའི་གྲོང་ཚོ་དང་ཡུལ་སྡེ་ཁག་ཏུ་གང་སར་གནའ་མཁར་གྱི་རྩེ་ལ་དུ་བ་བཏང་། དམག་དར་ཕྱར། དམག་དུང་བཏང་། རྒྱལ་རྔ་བརྡུངས་ཏེ་ཅང་མི་འགོར་བར་ཡུན་ཐུང་ངུ་ཞིག་ལ་ས་མཚམས་ནས་རྒྱལ་ཁག་བཅོ་བརྒྱད་ཀྱི་ས་ཆ་ཡུལ་ལུང་གང་སར་དམག་བརྡ་ཡོངས་སུ་གཏང་ཐུབ་པའི་ནུས་པ་ལྡན་ཞིང་དེ་མ་ཐག་དམག་ལང་བའི་འགོ་རྩོམ་པའོ།

ལོ་རྒྱུས་རབ་གསལ་མེ་ལོང་ནས་གསལ་བ་ལྟར་ན་1983 ལོར་འབར་ཁམ་དང་ཁྲོ་སྐྱབས་དབར་ལ་ཡོང་གྲགས་སུ་འབུར་གཞུང་དུ་གྲགས་པའི་ས་ཆ་དེར་བསྐྱར་དུ་རྒྱ་ལམ་གསར་བཟོས་བྱས་པའི་སྐབས་དེར་ས་འོག་ནས་རུས་པའི་སྒམ་གཉིས་སུ་ཐོན་ཞིང་། སྒམ་ཆེ་བར་མི་ལོ་གཅིག་ཁྲི་ལྷག་དང་། སྒམ་ཆུང་བ་དེ་ཡང་མི་ལོ་སྟོང་ཕྲག་ལྔ་ལྷག་གི་ཡིན་པ་ངོས་འཛིན་དང་གསལ་བཤད་གནང་ཞིང་རུས་སྒམ་རེ་རེའི་ནང་དུ་མིའི་རུས་པ་རེ་དང་གཟི་རྐང་རིང་ཅན་རེ་འདུག་ཅེས་བཀོད་འདུག་པས་དེར་བསམ་གཞིག་བྱས་ན།

བོད་བཙན་པོའི་རྒྱལ་རབས་ཀྱི་དུས་སུ་སྲོང་བཙན་དང་ཁྲི་སྲོང་སོགས་ཀྱིས་བཏང་བའི་བོད་ཤར་ཕྱོགས་ཀྱི་མཐའ་མཚམས་སྲུང་བའི་དམག་མི་དེ་དག་ཕྱིས་སུ་ཡར་མ་ལོག་ནས་ས་ཆ་དེ་ག་རང་གཏན་སྡོད་བྱས་ཤིང་། ཡུལ་འདིར་གཞིས་ཆགས་རྗེས་ད་གཟོད་ཤར་རྒྱལ་མོ་རོང་གི་མི་རིགས་འདི་ཉིད་འཕེལ་རྒྱས་སུ་སོང་བ་བཤད་པ་ལྟར་ན་མི་ལོ་གཅིག་སྟོང་ལྷག་ལས་མེད་ལ། དེ་སྔོན་ཡུལ་ལྗོངས་འདིར་ས་ཆར་བདག་པོ་མེད་ཅིང་སྟོང་པ་ཡིན་ཚུལ་དང་། ཤ་ཟ་སྲིན་པོ་སོགས་ཀྱིས་ཡུལ་ལུང་འདིར་ཁ་གང་རབ་བཤད་པའི་ལོ་རྒྱུས་དེ་དག་ཆོས་ལུགས་པའི་ཆགས་སྡང་གི་ནད་ཀྱིས་ཟིན་པའི་སྐད་ཆ་ཤ་སྟག་ཡིན་པ་མ་ཟད་རང་ཉིད་ཀྱིས་རང་རིགས་མེད་པར་བཟོ་ཇི་ཐུབ་བྱས་པའི་དུས་རབས་ཤིག་ཡིན་པ་ཡང་མངོན་ནོ།

གལ་ཏེ་ས་ཆ་འདིར་མི་ལོ་གཅིག་སྟོང་ལྷག་གི་གོང་དུ་མི་མེད་ཅེས་པའི་གཏམ་དེ་གལ་སྲིད་བདེན་ན་མི་ལོ་སྟོང་ཕྲག་འགའི་རིང་ནས་མིས་བཟོས་པའི་རུས་སྒམ་དང་དེའི་ནང་གི་མིའི་རུས་པ། མིའི་ཡོ་བྱེད་ཀྱི་རིགས་རིན་པོ་ཆེ་གཟི་སོགས་ས་འོག་ལས་འབྱུང་མི་སྲིད་པ་ང་ཚོས་དངོས་སུ་རྟོགས་ནུས་པ་ཞིག་རེད། འདི་ནས་ཡར་མི་ལོ་ཁྲི་ཚོའི་སྔོན་ནས་གནས་འདིར་ཡུལ་མི་ཡོད་པ་ནི་གནའ་མཁར་གྱི་རྨང་རྡོ་དང་མཁར་ཤུལ་གྱི་ཡུལ་དངོས་སུ་ཞུགས་ནས་བརྟག་དཔྱད་བྱས་པའི་མཐའ་དཔྱོད་ཀྱི་སྐོར་མདོར་ཙམ་གླེང་ན།  དཔེར་ན་རྒྱ་གར་དང་རྒྱ་ནག་གི་གནའ་ཤུལ་གྲགས་ཅན་གྱི་རྩིག་རྡོའི་ཁྲོད་དུ་རྨང་རྡོ་འདོམ་གཉིས་གསུམ་ཅན་དེ་འདྲ་ཧ་ཅང་ཆེན་པོ་ཏག་ཏག་ཡོད་མོད།  འོན་ཀྱང་རྨང་རྡོ་དེ་དག་དབོར་འདྲེན་བྱས་དུས་དགུན་གྱི་འཁྱག་རོམ་དང་།  དབྱར་ཁར་གྲུ་གཟིངས།  རྟ་དང་གླང་ཆེན་སོགས་དུད་འགྲོ་སྟོབས་ཤུགས་ཅན་བེད་སྦྱོད་བྱས་འདུག་མོད། འོན་ཀྱང་རྒྱལ་རོང་ནི་ས་རོང་དོག་ཅིང་། རི་མཐོ་གཡང་གཟར་བའི་ཡུལ་ལུང་ཞིག་ཡིན་པས་སྟོབས་ཤུགས་ལྡན་པའི་དུད་འགྲོའི་རིགས་བཀོལ་སྦྱོད་བྱེད་ས་དང་དེ་ལས་གཞན་པའི་འཁྱགས་རོམ་དང་གྲུ་གཟིངས་སོགས་ཀྱང་སྨོས་མ་དགོས་པ་ཞིག་རེད།  དེས་ཕྱིར་མི་རང་གི་སྟོབས་ཤུགས་དང་རྣམ་དཔྱོད་ཁོ་ན་ལ་བརྟེན་ན་བཟོས་བསྐྲུན་བྱས་ནས་གྲུབ་པ་ཞིག་ཡིན་པར་མ་ཟད་གནའ་ཁང་གི་ཁང་ཤུལ་དང་གནའ་མཁར་བརྩིགས་པའི་རྨང་རྡོ་དེ་དག་རྡོ་ཕ་བོང་གིས་བརྩིགས་ཤིང་། ད་དུང་རྨང་རྡོ་ཆེ་ཆུང་རྟ་དང་གཡག་གི་བོང་ཚད་དང་མཉམ་པ་ཡང་ཧ་ཅང་མང་།  རྨང་རྡོ་དེ་དག་དེང་སང་གི་མིས་རྒྱབ་ཏུ་ཁུར་བ་ཕར་ཞོག་མི་ཉི་ཤུ་སུམ་ཅུས་སྒུལ་ཙམ་ཡང་མི་ནུས་པར་འདུག་པས་རྨང་རྡོ་དེའི་རིགས་ལ་གཞིག་ན་གནའ་དེང་གི་མིའི་བར་གྱི་སྟོབས་ཤུགས་ཀྱི་ཧེ་བག་ཆེན་པོར་ཤོར་བ་ཡང་ར་སྤྲོད་རང་བཞིན་གྱི་བྱེད་ནུས་ལ།  གོང་དུ་བཤད་པའི་རུས་སྒམ་དང་མཁར་གྱི་རྨང་རྡོ་དེ་གཉིས་ལ་བརྟེན་ནས་ཡུལ་ལྗོངས་འདིར་མི་ལོ་ཁྲི་ཕྲག་དང་སྟོང་ཕྲག་འགའི་རིང་ནས་འགྲོ་བ་མིའི་རིགས་འཚོ་གནས་ཡོད་པ་ཤུགས་ལས་རྟོགས་ཐུབ།  རྒྱལ་རོང་རང་གི་སྐད་ཐོག་ནས་བཤད་པ་ལྟར་ན་གནའ་མཁར་ནི་འགུ་ལུམ་བགྱོ་ཡིས་བཟོས་པ་རེད་ཅེས།  རྒྱལ་རོང་རང་སྐད་ལ་འགུ་ལུམ་བགྱོ་ནི་འདོམ་པ་དགུ་ཅན་གྱི་མི་ལ་གོ་ཞིང་། སྐབས་དེ་དུས་ཀྱི་མིའི་གཟུགས་སྟོབས་ཆེ་ཞིང་ལོ་ཡུན་ཧ་ཅང་རིང་པོ་སྐབས་ནས་མི་རིགས་ཤིག་ཡིན་པ་ཡང་ངག་རྒྱུན་དེས་གསལ་བོར་བསྟན་པས་སོ།

༢༽  མཁར་གྱི་ཟུར་མང་ཉུང་གི་ཁྱད་པར།

མཁར་ཟུར་ཆེས་མང་བ་བཅོ་བརྒྱད་དང་། བཅུ་གསུམ། བརྒྱད་དང་བདུན། བཞི་ཅན་སོགས་མཁར་ཟུར་ལ་མང་ཉུང་ཧ་ཅང་མང་མོད། མཁར་ཟུར་མང་ཉུང་གིས་གཙོ་བོ་མིའི་ཐོབ་ཐང་དང་གོ་གནས་སུ་མཚོན་ལ།  མཁར་གྱི་ཟུར་བཅོ་བརྒྱད་ཅན་ནི་མཁར་གྱི་ནང་ནས་ཆེས་ཉུང་ཤོས་ཤིག་དང་། མཁར་གྱི་བཟོ་ལྟ་ཟུར་བཞི་ཅན་དེ་ནི་ས་གནས་གང་སར་ཡོད་པའི་མཁར་མང་ཤོས་ཤིག་ཆགས་ཡོད།  དེ་ནི་དེང་གི་དམག་མིའི་དམག་གོས་སམ་དམག་ལྭའི་ཕྲག་ཏུ་སྐར་མ་མང་ཉུང་གིས་ཁྱད་པར་ལ་བརྟེན་ནས་མི་རང་གི་ཐོབ་ཐང་གང་ཡིན་མཚོན་ཞིང་ཤེས་ནུས་པ་ལྟར།  གནའ་བོའི་མཁར་ཟུར་མང་ཉུང་ལ་བརྟེན་ནས་རྒྱལ་བློན་གྱི་རིགས་ལའང་བང་རིམ་དུ་རྒྱལ་རོང་སྐད་དུ་ཏ་རོ་དང་ཁྱུང་རོ་སོགས་ཀྱི་གོང་འོག་གི་གནས་སྟངས་དེ་རིམ་བཞིན་ཐོབ་ཐང་དང་གོ་གནས་ཆེ་འབྲིང་ཆུང་གསུམ་མཚོན་ཐུབ་པའི་སྲོལ་བཏོད། རྒྱལ་བློན་རྩ་ཆེ་ཤོས་སམ་ཡང་ན་དམག་སྤྱི་ལྟ་བུའི་རིགས་ལ་རྒྱལ་རོང་གི་སྐད་དུ་ཏ་རོ་དང་། ཡུལ་དཔོན་དང་སྡེ་དཔོན་དག་ལ་ཁྱུང་རོ་དང་འགའ་པ་ཞེས་བརྗོད་དོ།

མཁར་ལ་ཐོག་རྩེག་དགུ་དང་བཅུ་གསུམ་ཅན་སོགས་ཅི་རིགས་སུ་ཡོད་ལ། མི་ལོ་ལྔ་བརྒྱ་ཙམ་གྱི་ཡར་སྔོན་ནས་བཟུང་བོད་རང་གི་ལག་རྩལ་དང་རྣམ་དཔྱོད་ནི་མི་རིགས་གཞན་གྱི་རྗེས་ལུས་མིན་ཞིང་དཔུང་པ་མཉམ་གཤིབ་ཀྱི་ཚུལ་དུ་གནས་ཤིང་སྐབས་དེ་དུས་བོད་ཀྱི་ཁང་རྩེག་བཟོ་བཀོད་ཀྱང་འཛམ་གླིང་ཐོག་ཕལ་ཆེར་ཆེས་མཐོ་ཤོས་ཀྱི་གྲས་ཡིན་པ་ཡང་ང་ཚོས་སྐད་གསང་མཐོན་པོའི་ངང་སྨྲ་ནའང་ངོ་གནོང་མི་དགོས་པ་ཞིག་རེད་སྙམ། མཁར་ནི་གཙོ་བོ་ས་ཡི་གནད་ལ་རྩིག་ཞིང་། དཔེར་ན་ཡུལ་གྱི་ཕུག་མདའ་ལུང་གསུམ་དང་སྟོད་སྨད་བར་གསུམ་གང་སར་བལྟས་ཀྱང་ཐམས་ཅད་མཐོང་སའམ་ཡང་ན་ཐམས་ཅད་ཀུན་གྱི་འཛོམས་སའི་ས་ཡི་ལྟེ་བ་ཞིག་ལ་གཞིར་བྱས་ཏེ་གནམ་འོག་གི་ཀ་བ་ལྟར་རང་ས་རང་གིས་མནན་ཞིང་གཟི་བརྗིད་དང་ལྷན་དུ་ཡར་ཀྲོང་ངེར་འགྲེང་ཞིང་གནས་པའོ།

༣༽ རྒྱལ་རོང་གི་སྐད་རིགས་གཉིས་ལ་ཆགས་འཇིག

སྤྱིར་རྒྱལ་རོང་གི་སྐད་ལ་རྒྱལ་པོའི་སྐད་དང་།  ཡུལ་སོ་སོའི་སྐད་ཅེས་སྡེ་ཚན་གཉིས་སུ་ཡོད་ལ། རྒྱལ་པོའི་སྐད་ནི་དུས་རབས་བདུན་བརྒྱད་ཙམ་གྱི་ཡན་ཆོད་ལ་རྒྱལ་ཁག་བཅོ་བརྒྱད་དམ་ཤོད་ཆེན་བཅོ་བརྒྱད་ཀུན་གྱི་ཐུན་མོང་གི་སྐད་རིགས་གཅིག་གྱུར་ཡིན་ལ།  སྐབས་དེར་མི་རིགས་གཅིག་དང་སྐད་རིགས་གཅིག་གྱུར་ཆོས་ལུགས་གཅིག་གྱུར་ཡིན་ཏེ། ཆུ་ཆེན་རབ་བརྟན་རྒྱལ་པོའི་བཀའ་ཤོག་ལས།

འདུལ་བའི་ཞིང་ཁམས་ཤར་ཕྱོགས་རྒྱལ་མོ་རོང་།།

བོན་གྱི་ཞིང་ཁམས་ཁྲི་སྐོར་བཅུ་དྲུག་མཚམས།། ཅེས་པའི་ཐོག་མར་ཐམས་ཅད་གཅིག་གྱུར་ཡིན་པས་སྟོབས་དང་མངའ་ཐང་ཕུན་སུམ་ཚོགས་ཤིང་། སྐད་ལེགས་ཤིང་གུས་ཚིག་མང་བ། ལྷག་པར་དུ་གོང་རིམ་བླ་སྤྲུལ་དང་རྒྱལ་བློན་སོགས་ལ་ཞེ་ཚིག་རང་བཞིན་ཅན་གྱི་ཐ་སྙད་ཤ་སྟག་བེད་སྤྱོད་བྱ་སྲོལ་ཡོད་པ་ལས་རྒྱུན་ལྡན་དམངས་ཁྲོད་ཀྱི་འཚོ་བའི་ཁྲོད་དུ་ཐ་སྙད་བེད་སྤྱོད་བྱེད་སྟངས་དེ་དང་ཡང་ཅུང་མི་འདྲ།  གོང་དུ་བཤད་པའི་དུས་རབས་ཀྱི་ཡན་ལ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་དུ་གྲགས་པའི་ཡུལ་ལྗོངས་འདིར་ཆོས་ལུགས་དང་སྐད་རིགས་གཅིག་གྱུར་ཡིན་པར་མ་ཟད་ཕན་ཚུན་ནུས་སྟོབས་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་འཚོ་ཞིང་གནས་ལ། སྐབས་དེར་ཀུན་ལ་དབང་བའི་ཐུན་མོང་གི་སྐད་རིགས་གཅིག་གྱུར་ཡིན་པས་ཁྱབ་རྒྱ་ཆེ་ཞིང་གནའ་བོའི་བརྡ་རྙིང་དང་ཞང་ཞུང་གི་སྐད་དང་འབྲེལ་ཏེ་ཁུངས་བཙན་པས་ན་སྐད་རིགས་འདི་ལ་རྒྱལ་པོའི་སྐད་ཅེས་བརྗོད་པ་ཡིན།

འོན་ཀྱང་དུས་རབས་བརྒྱད་པའི་མཇུག་ཙམ་ནས་འགོ་བཟུང་སྟེ་མི་རིགས་བོད་ཡིན་ནའང་བསམ་བློ་དང་རིག་གཞུང་རྒྱ་གར་གྱི་ཁྱབ་ཁོངས་སུ་གཏོགས་པའི་བོད་རིགས་ཇེ་མང་དང་ཁྱབ་རྒྱ་ཆེ་ཆེར་སོང་བའི་རྐྱེན་གྱིས་ཁ་བ་གངས་ཅན་པའི་མེས་པོ་དག་གི་རྣམ་དཔྱོད་ལས་ཐོན་པའི་སྲོལ་རྒྱུན་དང་རིག་གཞུང་ལ་ཐན་དུ་བལྟས་ཏེ་ཁ་འཐོར་དགུ་འཐོར་དུ་བཏང་ཞིང་།  ཁ་བའི་རིག་གཞུང་གསོན་པོ་དུར་དུ་སྦས་ནས་སླར་ཡང་འཇིག་རྟེན་གསར་དུ་བསྐྲུན་པའི་འགོ་བརྩམས། དེ་ནས་བཟུང་རིམ་བཞིན་དར་སྔ་ཕྱིའི་ཁྱད་པར་ཙམ་ལས་ཆོས་རང་ལ་མཚོན་ན་ནང་འགལ་མེད་ན་ཡང་ཆོས་ལུགས་པའི་སྣེ་ཁྲིད་དེ་གྲུབ་མཐའ་དང་ས་ཁུངས་རྩོད་ནས་བོད་རིགས་ནང་ཁུལ་དུ་ཁྲག་གི་འཁོར་ལོ་སྐོར་ཞིང་རང་རིགས་རང་གིས་བཅོམ་སྟེ་རང་གིས་རང་ཉིད་བརླགས་པའི་དུས་ཚོད་ཤིག་ལ་གོབ་སྟབས་ངོམ། རིམ་བཞིན་ཆོས་ལུགས་པའི་གཡོ་སྒྱུའི་འོག་ནས་རྒྱལ་པོའི་རྒྱལ་སྲས་རེ་འགའ་དགོན་པ་ག་གེ་མོའི་སྤྲུལ་སྐུ་དང་མཁན་པོའི་རྣམ་སྤྲུལ་ཡིན་ཚུལ་བརྗོད་དེ་དང་པོ་རྒྱལ་བློན་དག་གི་བློ་ཁ་སྒྱུར་ཞིང་། རིམ་བཞིན་རྒྱལ་སྲས་ཡར་ནར་སོན་བྱུང་ནས་སྟོབས་དང་དབང་ཆ་བེད་སྤྱོད་བྱས་ཏེ་རྒྱལ་འབངས་ཀུན་ལ་དབང་སྒྱུར་བྱས་མཐར་ཆོས་ལུགས་གཞན་དར་སྤེལ་བྱ་དགོས་པའི་རྒྱལ་སྲས་ཀྱིས་བཀའ་ཕབས་ཏེ་འབངས་མི་རྣམས་ཀྱིས་ཀྱང་མི་འདོད་བཞིན་དུ་ཉིན་མོར་བསྐོར་བ་བན་བསྐོར་གྱི་ཚུལ་དུ་གཡོན་ནས་བསྐོར་ཏེ་ཁ་ནས་མ་ཎི་འདོན་ཞིང་། མཚན་མོར་དེ་ལ་འགྱོད་བཤགས་བྱས་ཏེ་ལག་འཁོར་སོགས་གཡས་སུ་བོན་བསྐོར་བྱས་ཤིང་མ་ཏྲི་དབྱངས་སུ་གྱེར་ཏེ་ལོ་དང་ཟླ་བར་བརྒྱུད།  ཤོད་ཆེན་བཅོ་བརྒྱད་དུ་གྲགས་པའི་ཡུལ་ལྗོངས་འདིར་ཆེས་ཐོག་མར་ཚང་མ་ཆོས་ལུགས་བོན་ཡིན་ཞིང་བྱ་རུ་ཅན་བཅོ་བརྒྱད་དང་ཡང་ན་སྟག་ལྷ་དྲེགས་པ་བཅོ་བརྒྱད་དུ་གྲགས་ཤིང་། ཕྱིས་སུ་རིམ་བཞིན་རྙིང་མ་དང་ས་སྐྱ་བཀའ་རྒྱུད་དགེ་ལུགས་སོགས་རིག་གནས་གསར་བརྗེ་ཆེན་མོའི་བར་དུ་རིམ་གྱིས་བསྒྱུར།  བསྒྱུར་ལུགས་ཀྱང་རྒྱལ་རོང་ཆུ་ཆེན་གྱི་ཡུལ་མིའི་ངག་རྒྱུན་ཁྲོད་དུ་ལྷག་པའི་ལོ་རྒྱུས་འགའ་འདིར་དཔེ་མཚོན་ཙམ་ཞིག་བཀོད་ན་འདི་ལྟ་སྟེ། སྟོད་དབུས་གཙང་ནས་མར་རྒྱ་ནག་རི་བོ་རྩེ་ལྔ་སོགས་ལ་མཇལ་སྐོར་དུ་སོང་བའི་ཨ་སྐྱོ་བ་ཞིག་ཡར་ཡོང་དུས་ཤར་རྒྱལ་མོ་ཚ་བ་རོང་གི་ཆུ་ཆེན་རབ་བརྟན་གྱི་རྒྱལ་སར་འབྱོར། སྐབས་དེར་སྟོད་ན་དར་ལྡིང་དང་སྨད་ན་ལྷ་སྟེང་ཞེས་དགོན་པ་འདི་ཉིད་བོན་གྱི་ཕྱོགས་ནས་ལོ་རྒྱུས་དང་ལྡན་པའི་སྙན་གྲགས་ཅན་གྱི་དགོན་སྡེ་ཞིག་ཡིན་པར་རྟོགས། གཡུང་དྲུང་ལྷ་སྟེང་དུ་འབྱོར་དུས་དགེ་འདུན་མང་ཚོགས་ཀྱི་ཚོགས་ཁང་དུ་སྟག་ལྷ་སྤུ་གྲི་དམར་པོའི་བཅུད་དྲིལ་ཞལ་འདོན་གསུངས་པར་ཐོས་ནས་ཚོགས་ཁང་གི་སྒོ་རྩར་སོང་ནས་ཉན་ཏེ་བསྡད། དགེ་འདུན་པས་བསྭོ་སུ་ར་ལ་ཁ་ཧིཿ ཡུ་ཏི་ལ་ཁ་ཧིཿ ཤ་ཏྲུྃ་བྷིན་དྷ་དུན་ཙེ་བྱད་མའི་ཤ་ཁྲག་ལ་ཁ་རྃ་ཁ་ཧི།  ཅེས་གསུངས་སྐད་ཆེན་པོའི་ངང་གསུངས་དུས་སྒོ་འགྲམ་གྱི་ཨ་སྐྱོ་བ་ལ་གོ་ལོག་དང་ཐོས་ལོག་བྱུང་ནས། སེ་ར་ལ་ཁ་ཧི།  འབྲས་སྤུངས་ལ་ཁ་ཧི། དགའ་ལྡན་ལ་ཁ་ཧི་ཞེས་པར་ཐོན་ནས་ཁོ་རང་གིས་ཧང་སང་ཞིང་ཧོན་འཐོར་ནས་ཡར་ལམ་ལ་ཆས་ཏེ་ལྷོ་ཕྱོགས་ཁམས་ཆབ་མདོར་བུད་དེ་དབུ་གཙང་དུ་འབྱོར་རྗེས་སེར་འབྲས་དགེ་གསུམ་ལ་འདི་ལྟར་ཞུས། མདོ་སྨད་ལ་བོན་གྱི་དགོན་སྡེ་ཆེན་མོ་ཞིག་གིས་སེ་ར་ལ་ཁ་ཧི།  འབྲས་སྤུངས་ལ་ཁ་ཧི། དགའ་ལྡན་ལ་ཁ་ཧི་ཞེས་དུས་རྒྱན་དུ་གྲྭ་ས་སེར་འབྲས་དགེ་གསུམ་ལ་དམོད་མོ་བྱེད་ཀྱིན་འདུག་ཅེས་ཐོས་ན་མི་འདོད་པའི་སྐད་ཆ་ལོག་པར་བཤད།

དེ་ནས་བཟུང་གྲྭ་ས་སེར་འབྲས་དགེ་གསུམ་གྱི་གཡུང་དྲུང་ལྷ་སྟེང་ལ་ལྟ་སྟངས་ལོག་པར་བཟུང་ནས་ཐེངས་འགའ་ཡུལ་མདོ་སྨད་དུ་འབྱོར་ན་འང་ཆུ་ཆེན་གྱི་རྒྱལ་པོ་ལ་སྟོབས་དང་མངའ་ཐང་ཆེ་བའི་དུས་ཡིན་པས་དངོས་སུ་གནོད་པ་བྱེད་མ་ནུས། དགོན་སྡེ་འདི་ཉིད་རབ་བརྟན་རྒྱལ་པོའི་རྒྱལ་རྒྱུད་རིམ་བྱུང་གི་མཆོད་གནས་གདན་འདྲེན་བྱེད་ས་དང་རྒྱལ་པོས་ཆེས་བཀུར་བའི་གནས་ཤིག་ཡིན་པར་བརྟེན།  དགོན་སྡེ་མེད་པར་བཟོ་ཐབས་ལ་དང་པོ་རྒྱལ་པོ་དེ་ཉིད་མེད་པར་བཟོ་དགོས་སྙམ་ན་འང་རང་ལ་སྟོབས་དང་འཇོན་ཐང་གང་ཅིའི་ཐད་ནས་མི་འདང་བར་བརྟེན། གཡོ་སྒྱུ་ཞིག་གི་འོག་ཏུ་མན་ཇུ་དང་ཡུན་རིང་འབྲེལ་བར་བྱས་ནས་རབ་བརྟན་རྒྱལ་པོའི་ཐོད་པའི་སྨིན་མཚམས་སུ་གཡུ་འབྲུག་ཕོ་མོ་གཉིས་ཀྱི་རི་མོ་ཡོད་ལ། ངོ་མཚར་བའི་རི་མོ་དེ་གཉིས་གདོང་ཐུག་བྱུང་ཚེ་རབ་བརྟན་གྱིས་རྒྱ་ནག་རྒྱལ་པོ་ལ་དབང་བསྒྱུར་བྱ་ནུས་པའི་དུས་ལ་བབ་ཚུལ་སོགས་མ་འོངས་ལུང་བསྟན་འདྲ་མིན་ཡོད་པར་བརྗོད་ནས་མན་ཇུའི་རྒྱལ་བློན་ཐམས་ཅད་སེམས་འཚབ་ཡོད་པར་བཟོ། རྒྱུ་མཚན་དེ་སྔར་རྒྱ་ནག་གི་རྒྱལ་ས་ཐེངས་གཅིག་སོག་པོས་དབང་བསྒྱུར་བྱས་པའི་རྐྱེན་གྱིས་མ་འོང་བོད་ཀྱིས་ཀྱང་དེ་ལྟར་དབང་བསྒྱུར་བྱ་བའི་དོགས་པའི་འོག་ཉིན་ཅིག་གི་མཚན་མོར་མན་ཇུ་རྒྱལ་པོའི་གཟིམས་ལམ་དུ་桑树 ལྷོ་ནུབ་གྱི་ཕྱོགས་སུ་སྐྱེས་པའི་སྲིན་ཤིང་སྡོང་པོ་ཆེན་པོ་ཞིག་གིས་རྒྱལ་པོའི་ཕོ་བྲང་ཡོངས་སུ་གབ་པར་རྨིས་ཤིང་། ཞོགས་པར་རྒྱལ་པོས་མདང་དགོང་ཡ་མཚན་པའི་རྨི་ལམ་རྨིས་ཚུལ་གསུངས་དུས་བློན་པོས་འགས་རྨི་ལམ་ལ་བརྟགས་ཏེ་འདི་ལྟར་ཞུས། དེ་ནི་བོད་ལ་སྙན་གྲགས་ཅན་གྱི་རྒྱལ་པོ་བསོད་ནམས་དབང་རྒྱལ་ 桑吐司 ཞེས་པ་དེས་མི་འགྱང་བར་རྒྱ་ནག་ལ་དབང་བསྒྱུར་བྱ་བའི་རྟགས་རེད་ཅེས་དཔྱད་བརྗོད་སྤེལ། གོང་དུ་བཤད་པའི་མ་འོངས་ལུང་བསྟན་དང་རྨི་ལྟས་སོགས་ཁ་ཕྱོགས་གཅིག་ཏུ་གྱུར་བས་དེ་ནས་བཟུང་མེ་ཐོག་ཏུ་སྣུམ་བླུགས་པ་ལྟར་ནད་རྙིང་ཇེ་སྡུག་དུ་སོང་ནས་མན་ཇུ་ཆན་ལུང་དང་ཆུ་ཆེན་གཉིས་ས་འབྲུག་ལོར་འཐབ་འགོ་བརྩམས་ཤིང་ལོ་བཅུ་གཉིས་རིང་ལོ་ལྟར་དམག་འཐབ་བྱུང་། ལོ་དགུར་ཆུ་ཆེན་གྱིས་མན་ཇུའི་ངོ་ཡ་བྱས་ཤིང་འཐབ། ལོ་གསུམ་བཙན་ལྷ་རྒྱལ་པོའི་ཆུ་ཆེན་ལ་རོགས་སྐྱོར་བྱས་ཏེ་མན་ཇུ་ལ་ངོ་ཡ་བྱས་ཏེ་ཁྱོན་བསྡོམ་མི་ལོ་བཅུ་གཉིས་ཀྱི་མཐར་མང་སྣེ་ཉུང་གིས་མ་བརྟེན་པས་ཆུ་ཆེན་ཕབ་པའི་ལོ་དེར་ལྕགས་ཡོས་ལོའི་འཁྲུགས་ཆེན་ཟེར། ལོ་ལྟར་འཐབ་རྒྱུན་མ་ཆད་པའི་མི་ལོ་བཅུ་གཉིས་དང་། དམག་འཐབ་ཆེ་འབྲིང་ཆུང་གསུམ་གྱི་དབང་དུ་བྱས་ན་མི་ལོ་ཉི་ཤུ་རྩ་བརྒྱད་རིང་འཐབ་པར་བཤད། མཐར་ཆུ་ཆེན་ཕམ་རྗེས་མན་ཇུའི་དམག་དཔུང་དང་སྟོད་དབུས་གཙང་ཕྱོགས་ནས་དངོས་ཤུགས་བརྒྱུད་གསུམ་གྱིས་མཉམ་འབྲེལ་འོག་གཡུང་དྲུང་ལྷ་སྟེང་རྩ་བ་ནས་བཅོམ་ཏེ་བོན་གྱི་དགེ་འདུན་སྟོང་གི་ཟུངས་ཁྲག་དམར་པོའི་ཁྲག་རྒྱུན་རྒྱལ་མོའི་རྔུལ་ཆུ་དང་འདྲེས་ཤིང་ཚོགས་ཁང་གི་རྒྱ་ཕིབས་འོག་ཏུ་ཕྱོགས་བཞི་ན་ཆུ་སྲིན་གྱི་སྐེ་ལ་དྲིལ་ཆུང་གི་ཚབ་ཏུ་གཤང་རེ་ཁ་སྦུབ་གྱི་ཚུལ་དུ་བཏག་ཏེ་བོན་བསྟན་ཡོངས་སུ་བསྣུབས་ཟིན་པའི་བརྡ་བསྟན་ཏེ་རིག་གནས་གསར་བརྗེ་ཆེན་པོའི་བར་དུ་གཤང་ཁ་སྦུབ་དུ་བཏག་པ་དེ་དག་ཀུན་གྱི་མཐོང་ཡུལ་དུ་གྱུར་བར་བཤད།

དེང་སང་ཡང་ཆོས་ལུགས་བན་དྷེ་ཡིན་པའི་དུད་ཚང་རེ་འགའི་ད་དུང་སྲུང་མ་སྲིད་རྒྱལ་མ་བསྟེན་ན་ལམ་འགྲོ་མེད་པར་དོགས་ནས་བོན་གྱི་ལྷ་སྲུང་གསོལ་མཁན་ཡང་མི་ཉུང་བར་འདུག་ལ་གང་མང་ཞིག་གི་ནང་དུ་བོན་གྱི་ཡི་གེ་ཀློང་རྒྱས་སོགས་དང་བོན་གྱི་པར་ཤིང་དང་གཏོར་པར་བོན་གྱི་མཆོད་ཆས་སྐོར་ཡོད་མཁན་འབར་ཁམས་དང་ཁྲོ་སྐྱབས་ཆུ་ཆེན་བཙན་ལྷ་རོང་བྲག་རྫོང་ཕྱོགས་སུ་ཡང་ཧ་ཅང་མང་ངོ་།  ཐོག་མར་ཤོད་ཆེན་བཅོ་བརྒྱད་འདིར་གངས་ཅན་པའི་ཕ་ཆོས་ཁོ་ན་ལས་གཞན་ཆོས་ལུགས་གང་ཡང་མེད་མོད། འོན་ཀྱང་དུས་རབས་རིམ་བྱུང་གི་དུས་ཀྱི་འགྱུར་ལྡོག་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་ཁྲོད་དུ་རིམ་བཞིན་འགྱུར་བའི་འགོ་བརྩམ་ཏེ་མཐར་ཆུ་ཆེན་དང་ཁྲོ་སྐབས་དང་བྲག་སྟེང་བཙན་ལྷ་རྒྱལ་པོ་ལས་གཞན་རྒྱལ་འབངས་ཡོངས་སུ་བསྒྱུར་ཟིན། འོན་ཀྱང་ཆུ་ཆེན་རྒྱལ་པོ་མན་ཇུས་དམར་གསོད་མ་བཏང་བར་དུ་ཆུ་ཆེན་གྱི་རྒྱལ་འབངས་གཉིས་གས་བོན་ཆོས་ཁོ་ན་ལ་དད་མོས་བྱས་ཤིང་།  གཞན་ཁྲོ་སྐྱབས་ནི་རྒྱལ་པོ་བོན་ཆོས་རང་ལ་དད་མོས་བྱ་མཁན་ཡིན་ནའང་དམངས་ལ་ཅི་རིགས་སུ་ཡོད་པས་ཕྱིས་སུ་རྫ་ཀུན་གྲོལ་ཁྲོ་སྐྱབས་སུ་ཕེབས་རྗེས་ལོ་རེ་ཐེངས་གཅིག་སྐྱ་སེར་མང་ཚོགས་ཀྱིས་ཞབས་བརྟན་འཚོགས་དགོས་པའི་རྒྱལ་པོས་བཀའ་ཕབ་པས་ཁྲོ་སྐྱབས་མངའ་འོག་གི་འབངས་མིའི་ཁོགས་སུ་གཏོགས་ནས་བཟུང་བླ་སྤྲུལ་དང་བཙུན་པ་དག་གི་ཀློང་རྒྱས་དང་མི་སེར་གྱི་བྱམས་མ་དང་གདུགས་དཀར་ཞལ་འདོན་དགོས་པའི་སྒྲིག་གཞི་བཙུགས་ཤིང་། ཁྲོ་སྐྱབས་བླ་བྲང་དུ་ལོ་རེར་ཐེངས་གཅིག་འཛོམས་དགོས་པའི་སྲོལ་རྒྱུན་དུ་གྱུར། དེ་ལྟར་འཚོ་བའི་ཁྲོད་དུ་རྒྱུན་གྱི་ཁ་འདོན་ལྟ་བུར་གྱུར་པས་ཆོས་ལུགས་བན་དྷེ་ཡིན་ནའང་བོན་གྱི་ཞལ་འདོན་ཕྱོགས་སུ་ཐོག་ཆགས་མེད་པར་གྱུར།  བཙན་ལྷ་དང་བྲག་སྟེང་རྒྱལ་པོའི་ཆོས་ལུགས་བོན་ཡིན་ནའང་འབངས་ཀྱི་ཕྱོགས་སུ་ཆོས་ལུགས་ཅི་རིགས་སུ་གྱུ། དེ་མིན་རྒྱལ་ཁག་གཞན་གྱི་རྒྱལ་འབངས་རྣམས་ཕལ་ཆེར་རྙིང་མ་ས་སྐྱ་བཀའ་རྒྱུད་ཇོ་ནང་དགེ་ལུགས་སོགས་ཅི་རིགས་སུ་འགྱུར་རྗེས་ཆོས་ལུགས་པའི་གྲུབ་མཐའ་དང་ས་ཁུངས་དབང་སྒྱུར་གྱིས་འཐབ་རྩོད་འོག་གཡུལ་ཡང་མང་པོར་བཤམ་པར་གྲགས།

གཉིས་པ་ཡུལ་སོ་སོའི་སྐད་ནི། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ནང་ཕན་ཚུན་ལ་མཐུན་སྒྲིལ་དང་ཆོས་ལུགས་ཡིད་ཆེས་གང་ཅིའི་ཐད་ནས་རིམ་གྱི་འབྲེལ་ཟམ་ལྟ་བུ་དེ་ཉམས་པ་འགོ་བརྩམས།  རྒྱལ་ཁག་དང་རྒྱལ་པོའི་བར། མང་ཚོགས་དང་ཆོས་ལུགས་བར་གྱི་འབྲེལ་འདྲེས་རྒྱུན་ཐག་ཉིན་རེ་བཞིན་ཇེ་རིང་ནས་ཇེ་རིང་དུ་སོང་བའི་རྐྱེན་གྱིས་མཐར་ཡུལ་ལུང་རེ་ལ་སྐད་ལུགས་མ་འདྲ་བ་རེར་གྱུར་ཞིང་། དེ་འདྲའི་ལོ་ཟླ་མང་དུ་ཕྱིན་རྗེས་རྒྱལ་རོང་བོད་མའི་ཐུན་མོང་ལ་དབང་བའི་གཅིག་གྱུར་གྱི་སྐད་དེ་ཡང་བེད་སྤྱོད་བྱེད་མཁན་ཇེ་ཉུང་དུ་གྱུར།  བར་སྐབས་ཤིག་ལ་ཆོས་ལུགས་པས་ཟློས་གར་འཁྲབ་རྒྱུ་མང་དྲགས་པས་རྒྱལ་ཁག་ཕན་ཚུན་དགྲ་བོ་ལྟ་བུ་ཞིག་ཏུ་གྱུར་ནས་དམག་དྲངས་ནས་གཡུལ་འགྱེད་ངང་རྒྱལ་ཕམ་ཀྱང་ཐེངས་མང་རྩོད་དགོས་བྱུང་། རྒྱུ་མཚན་དེ་འདྲའི་འོག་འགྲོགས་འདྲིས་དང་འབྲེལ་གཏུག་གི་འབྲེལ་ལམ་ཆད་དེ་ཡུལ་ལུང་སོ་སོའི་སྐད་ལུགས་ལ་ཡུན་རིང་བེད་སྤྱོད་བྱས་པའི་རྐྱེན་གྱིས་དེང་སང་ཡང་རྫོང་དང་ཡུལ་ལུང་མི་འདྲ་བའི་རྒྱལ་རོང་བོད་མི་གང་མང་ཞིག་གི་ཕན་ཚུན་གླེང་མོལ་བྱེད་དུས་རྒྱ་སྐད་བེད་སྦྱད་དེ་གཏམ་གླེང་དགོས་པ་ལས་བརྡ་འཕྲོད་པའི་ཐབས་གཞན་གང་ཡང་མ་མཆིས་པའི་གནས་ལྟ་བུ་ཞིག་ཏུ་གྱུར་བ་འདི་ལ་གཞིག་ན་སྔོན་བྱུང་གི་ལོ་རྒྱུས་ཁྲོད་དུ་ཐབས་སྐྱོ་བོའི་གནས་སྟངས་མང་པོར་བྱུང་བ་དེ་དག་རིམ་གྱིས་རྟོགས་ཐུབ་བོ།

ལོ་ཟླ་སྟོང་ནས་ཁྲི་བར་བརྒྱུད་པའི་མེས་པོའི་གཙུག་གི་རིན་ཆེན་ནོར།།

དཀར་དམར་སེར་གྱི་ཁ་དོག་ཇི་བཞིན་ཨ་གསར་བུ་ཡིས་རིམ་གྱིས་བསྒྱུར།།

ཤ་རུས་ཁྲག་གསུམ་གདོང་དམར་ཡིན་ཡང་མི་རིགས་གཞན་གྱི་རྣམ་ཤེས་ཅན།།

རང་རིགས་རང་གིས་བརླགས་པའི་ཉིན་ནས་ཁྱོད་ལ་དཔའ་བོར་འབོད་མཁན་སུ།།

རྒྱལ་རོང་སྐད་དུ།

མི་ལོ་སྟོང་ཙོ་ཁྲི་ཙོ་བུ་ཐོ་གནའ་བུའི་ལྦོས་ཐ་ནར་བུ་ཏུ།།
ཕྲུམ་ནུག་གཉུག་ཡེ་ཁ་དོག་ཉོ་ནས་ཨ་སར་ཁྱ་མཁུ་ནུས་བསྒྱུར་སེ།།

ཤ་རུ་སྲོས་སུ་བོད་པ་ང་ན་སེམས་ཏུ་མི་གཅིག་ཁ་ཁ་ང་།།

རོང་རན་རོང་རན་མེས་ཏུ་ཨན་བས་ནོ་ཁེ་རི་དཔོན་སུ་འུ་ར།།

ཐོབ་རྒྱལ་གསར་བ་སྨན་རིའི་གླིང་དུ་ཉིན་བཅུའི་གུང་སེང་དང་བསྟུན་ནས་སྤྱི་ཟླ་ཚེས་ཉིན་29/4/2019/

རྒྱལ་རོང་ཁྲོ་སྐྱབས་སྐལ་བཟང་གཡུང་དྲུང་དུ་འབོད་པ་དེས།

Share this:
༨༧༩ ཀློག་གྲངས།