རྒྱ་གཞུང་གི་དྲྭ་རྒྱའི་ཚོང་ལས་དར་སྤེལ་དང་དམ་དྲག་གི་ལྟ་སྲུང་འོག་གནས་པའི་བོད།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ།

༄༅། །སྤྱིར་དུས་རབས་ཉི་ཤུ་པའི་ལོ་མཇུག་དང་ཉེར་གཅིག་པའི་ལོ་འགོ་ནས་བཟུང་གོ་ལ་ཧྲིལ་པོའི་ཚན་རྩལ་དངོས་པོའི་གསར་གཏོད་ཧ་ཅང་ཚད་ཐོར་སླེབས་ཡོད་པ་མ་ཟད།འགྲོ་བ་མི་རྣམས་ཀྱི་རྣམ་དཔྱོད་ལག་རྩལ་ལས་གྲུབ་པའི་གློག་ཀླད་འཕྲུལ་འཁོར་བཀོལ་སྤྱོད་བྱེད་མཁན་ཉིན་རེ་བཞིན་ཇེ་མང་དང་གནས་ཚད་ཀྱང་གོང་མཐོར་ཕྱིན་ཡོད། བརྡ་འཕྲིན་སྤྱི་ཚོགས་ཀྱི་འོད་རླབས་འགྲོས་དང་འགྲོགས་ཏེ་ད་ཆ་མི་མང་པོས་ཡུལ་གྲུ་ཀུན་ཏུ་རང་མི་རིགས་ཀྱི་ཤེས་ཡོན་དང་།རིག་གཞུང་། སྐད་ཡིག།ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་གནད་དོན་སོགས་དྲྭ་རྒྱ་བརྒྱུད་མ་བསྐུལ་དང་བླངས་ངང་བརྒྱུད་སྤེལ་ཞུ་བཞིན་ཡོད་པ་ལགས་ན། དྲྭ་རྒྱ་དེས་མི་རིགས་ཀྱི་བསམ་བློའི་སྒོ་མོ་ཕྱེ་བ་བཞིན་དྲྭ་ཚིགས་འདྲ་མིན་སྣ་ཚོགས་བརྒྱུད་ནས་ཐུགས་འདོད་ལྟར་ཤེས་བྱའི་ཉིང་ཁུར་རང་དབང་གི་ངང་ནས་སྤྱོད་ཆོག་པ་དང། དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཡང་སྒོས་གོ་ལ་ཡོངས་ཀྱི་གནས་ཚུལ་རྟོག་ཞིབ་བྱེད་རྒྱུའི་མགྱོགས་ཚད་དང་ནུས་པ་ཆེ་རུ་ཕྱིན་ཡོད་པ་མ་ཟད། ས་གཞི་ཡོངས་ཀྱི་རྒྱལ་སྤྱིའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་དམག་དོན་སོགས་ཀྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་བཞིན་འདུག།དེང་དུས་ཁ་པར་དང་སྤྱི་ཚོགས་བརྒྱུད་ལམ་ཁག་སྤྱོད་ཤུགས་ཆེན་པོ་བྱེད་བཞིན་པའི་དུས་སྐབས་འདིར་བཟང་ངན་གྱི་གནས་ཚུལ་གང་ཞིག་འཛམ་གླིང་སྤྱི་ལ་ཁྱབ་བརྡལ་ཆེ་བའི་ཁྲོད། རྩམ་ཟན་བོད་མི་ཚོས་བཟོད་གླགས་མེད་པའི་ན་ཟུག་གི་ཀློང་ནས་བོད་མི་རིགས་ཀྱི་བདེ་སྡུག་དྲྭ་རྒྱའི་ནང་གླེང་བ་འཇིག་རྟེན་ཀུན་གསལ་ལྟར་ཡིན།

རྒྱ་ནག་སྐམ་ས་ཆེན་པོའི་ནང་ཕྱི་ལོ་༡༩༨༠[1]ལོ་མཇུག་ཙམ་ནས་དྲྭ་རྒྱ་བེད་སྤྱོད་བྱེད་འགོ་བཙུགས་ཤིང། སྐབས་དེར་སུས་ཀྱང་དྲྭ་རྒྱས་འབྱུང་འགྱུར་འཛམ་གླིང་གི་ཚོང་འབྲེལ་ཁ་ལོ་བསྒྱུར་རྒྱུའི་ཚོད་དཔག་བྱེད་ཐུབ་པའི་གདེང་སྤོབས་མེད། འོན་ཀྱང་བགྲང་བྱ་སུམ་བཅུའི་དུས་ཡུན་དེའི་རིང་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་ནི། རྒྱ་ནག་གཞུང་གིས་དྲྭ་རྒྱ་བཀག་སྡོམ་དང་ཞིབ་བཤེར་ནན་པོ་བྱེད་མིན་ལ་མ་ལྟོས་པར། མི་འབོར་དུང་ཕྱུར་བཅུ་གསུམ་ལྷག་ཡོད་པའི་ཀྲུང་གོའི་རྒྱལ་ཁབ་དེ་བཞིན་ད་ཆ་འཛམ་གླིང་གི་ཡ་གྱལ་ཆེས་ཆེ་ཤོས་ཀྱི་ཚོང་འབྲེལ་ཁྲོམ་རྭ་ཨང་གཉིས་པ་དང། གོ་ལ་ཁྱོན་ཡོངས་ཀྱི་དྲྭ་རྒྱ་བཀོལ་སྤྱོད་བྱེད་མཁན་ས་ཡ་༨༠༢[2]ཐོག་མང་ཤོས་སུ་གྱུར་ཡོད། ཀྲུང་གོས་དྲྭ་རྒྱའི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་འཛུགས་སྐྲུན་ཐད་ལ་འབད་རྩོན་ཧུར་ཐག་བྱས་དང་བྱེད་མུས་ཡིན།

ཕྱི་ལོ་༢༠༡༧ ལོར་ཨ་རིའི་ནང་རྟེན་གཞི་བྱས་པའི་རང་དབང་གི་ཁང་པས་(Freedom House) དྲྭ་རྒྱའི་རང་དབང་ཞེས་པའི་སྙན་ཐོའི་ནང་རྒྱ་གཞུང་གིས་དྲྭ་རྒྱའི་རང་དབང་ཐོག་རྡོག་རོལ་ཚབས་ཆེ་ཤོས་བཏང་སྟེ་ལོ་གསུམ་བསྟུད་མར་འཛམ་གླིང་ནང་དམ་དྲག་ཆེ་ཤོས་ཡིན་པར་ཐེར་འདོན་བྱས་ཡོད་པ་རེད།[3] ང་ཚོས་ཤེས་གསལ་ལ་རྒྱ་ནག་ནང་ཕྱི་རྒྱལ་གི་དྲྭ་ཚིགས་མང་པོ་སྒོ་བརྒྱབ་པ་དང་ཚོང་ལས་གཉེར་རྒྱུར་ཁས་ལེན་བྱེད་ཀྱི་མེད། ནམ་རྒྱུན་རྒྱ་གཞུང་གི་སྤྱི་ཡོངས་འགྲེལ་བརྗོད་བྱེད་གསལ་ལ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ལྷིང་འཇགས་སྲུང་སྐྱོབ་བྱེད་རྒྱུ། ལྷག་པར་དུ་འཇིགས་སྐུལ་རིང་ལུགས་པའི་ཉེན་ཁ་ནས་གཡོལ་ཆེད་རྒྱ་ནག་ནང་རྒྱལ་སྤྱིའི་དྲ་ཚིགས་དམ་དྲག་བྱེད་བཞིན་ཡོད་པ་ཡོངས་གྲགས་ཡིན། དོན་དངོས་ཐོག་གནད་དོན་དེ་དག་ལ་ཁ་གཡར་ཏེ། རྒྱ་ནག་གི་ཁྲོམ་རྭའི་ནང་ཁུལ་འགྲན་རྩོད་བྱེད་བཅུག་པ་མ་གཏོགས། ཕྱི་མིར་གོ་སྐབས་སྤྲོད་ཀྱི་མེད་པ་མངོན་གསལ་རེད། གལ་ཏེ་གོ་སྐབས་སྤྲད་པའི་དབང་དུ་བཏང་ཡང། རྒྱ་གཞུང་ལ་ངོ་དགའ་སྤྲེལ་ལད་བཤད་དགོས་པ་མ་ཟད་ཕྱོགས་ཡོངས་ཀྱི་ཚོང་འབྲེལ་ཁྲོམ་རྭའི་གནས་ཚུལ་ཐོག་མཐའ་བར་གསུམ་དུ་རྒྱ་ནག་གཞུང་གི་དབང་འཛིན་དང་ཐད་ཀའི་དོ་དམ་འོག་གནས་དགོས་པའི་དམིགས་ཡུལ་ངེས་ཅན་བཅངས་ཡོད། དེ་དང་ཕྱོགས་མཚུངས་ཉེ་ཆར་དྲྭ་རྒྱའི་བདེ་འཇགས་ཀྱི་ཁྲིམས་སྒྲིག་གསར་པ་ལག་བསྟར་བྱེད་རྒྱུའི་སྐུལ་མ་ནན་པོ་བྱས་ཡོད། རྒྱ་ནག་ནང་ཕྱིའི་རྒྱལ་ཁབ་ཀྱི་ཚོང་འབྲེལ་མ་འཇོག་གྱི་འདུན་པ་ཡོད་མཁན་ཚོར་ཚོང་ལས་ཁང་དེ་དང་འབྲེལ་བའི་དྲྭ་རྒྱ་བཀོལ་སྤྱོད་བྱེད་མཁན་གྱི་མི་མང་ཡོངས་ཀྱི་གནས་ཚུལ་ཞིབ་ཕྲ་རྒྱ་ནག་དབུས་གཞུང་ལ་སྦ་གསང་མེད་པར་ཐད་ཀར་རྩིས་སྤྲོད་བྱེད་དགོས་པ་ཡིན།

བོད་ནང་རྒྱ་གཞུང་གི་བཅོས་མའི་རྣམ་དཔྱོད་འཛུགས་ཆེད་མ་འཇོག་འཕེལ་རྒྱས་ཀྱི་འཆར་གཞི།

ང་ཚོས་ངེས་པར་དུ་ཤེས་དགོས་པ་ནི་རྒྱ་གཞུང་གིས་བོད་ནང་དེང་དུས་ཀྱི་ཚན་རྩལ་དངོས་པོའི་འཕེལ་རྒྱས་དང་མཐུན་པའི་གློག་འཕྲུལ་མཉེན་ཆས་གསར་ཐོན་ཁྱབ་སྤེལ་གྱི་ལས་གཞི་དང་ལྷན་དུ་བོད་མི་ཚོར་བེད་སྤྱོད་བྱེད་དགོས་ཀྱི་བསམ་བློའི་སློབ་གསོ་ལག་བསྟར་བྱེད་བཞིན་པ་དང་། ལྷག་པར་དུ་བོད་རང་སྐྱོང་ལྗོངས་གཙོས་པའི་བོད་ཀྱི་ཞིང་ཆེན་བཞིའི་ནང་མི་མང་ཁྱོན་ཡོངས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་སྲུང་ཞིབ་ནན་ངང་རང་བཞིན་གྱིས་ས་ཁུལ་དེ་དག་ནང་འཚོ་བཞིན་པའི་མི་མང་གི་སེམས་ནང་དོགས་ཟོན་འཕར་མའི་ཁོར་ཡུག་ཞིག་སྐྲུན་བཞིན་འདུག།

ཕྱི་ལོ་༢༠༠༨ ལོར་བློ་ཡུལ་ལ་མི་ཤོང་བའི་གནས་ཚུལ་ཞིག་ལ། དུས་རྒྱུན་རྒྱ་ནག་གི་བོད་རྙིང་པ་བཅིངས་འགྲོལ་དང་བོད་ནང་འཛུགས་སྐྲུན་གྱི་ལས་གཞིའི་རྣམ་གྲངས་མང་པོ་གསར་སྤེལ་བྱས་པའི་ཕྱིར་བསྒྲགས་དང་འུར་ཤོབ་ག་ཚོད་བྱས་ཀྱང། བོད་ནང་ཆོལ་གསུམ་སྤུན་ཟླ་ཡོངས་ཀྱི་མ་གྲོས་བསམ་པ་གཅིག་མཐུན་འོག་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྣམ་འགྱུར་དྲག་པོ་བསྟན་པ་མ་ཟད་བཙན་གནོན་འོག་གྱེན་ལངས་རྒྱ་ཆེར་བྱས་ཡོད། གནད་དོན་དེས་རྒྱ་ནག་གཞུང་གིས་བོད་ནང་ཕྱིའི་དངོས་པོ་ཡར་རྒྱས་ཇི་ཙམ་བཏང་ཡང་བོད་མི་རིགས་ཀྱི་སེམས་ནང་རྨ་ཁ་དེ་ནམ་ཡང་ཟུབ་ཐབས་མེད་པར་མངོན། དེ་རྗེས་རིམ་པས་བོད་ནང་སྔར་ལས་ལྷག་པའི་ལྟ་སྲུང་ནན་པོ་བྱེད་རྒྱུའི་བཙན་བཀའ་བཏང་བ་ལྟར་དེང་དུས་ཅན་གྱི་འཕུལ་ཆས་འཛུགས་སྐྲུན་རྣམ་གྲངས་གྱི་མིང་ཐོག།བཅོས་མའི་རྣམ་དཔྱོད་(Artificial Intelligence)བཟོ་ཚོང་ཁང་འདྲ་མིན་གྱི་དྲྭ་རྒྱ་བེད་སྤྱད་དེ་གནས་ཚུལ་འཚོལ་ཞིབ་དང་སྔོག་བཤེར་མཁོ་འདོན་བཀོད་བྱུས་བྱེད་བཞིན་མཆིས། མདོར་ན་དྲྭ་རྒྱའི་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་དམ་དྲག་བྱེད་མུས་ཡིན། བདེ་འཇགས་ལྟ་སྲུང་དང་འབྲེལ་བའི་ཚད་མཐོའི་འཕྲུལ་རིགས་རྣམ་གྲངས་མང་དག་ཅིག་བོད་ནང་མ་འཇོག་དང་དར་སྤེལ་བྱེད་རྒྱུར་དབུས་གཞུང་གིས་རམ་འདེགས་དང་སྐུལ་ལྕག་འདྲ་མིན་བྱེད་བཞིན་ཡོད་པ་ལགས་ན། ཉེ་ཆར་ཨེ་ཤི་ཡ་བསྐྱར་ཞིབ་གསར་ཁང་ནས་གནས་ཚུལ་ཐོན་གསལ་ལྟར། རྒྱ་ནག་ནང་མིང་གྲགས་ཅན་གྱི་བཅོས་མའི་རྣམ་དཔྱོད་ཀྱི་བཟོ་ཚོང་ཁང་ཆེ་ཁག་ལྔས་བོད་ནང་མ་འཛུགས་གཞི་རྒྱ་ཆེ་རུ་གཏོང་འཆར་ཡོད་པ་དང་དྲྭ་རྒྱ་བཀོལ་སྤྱོད་བྱེད་མཁན་རྣམས་ཀྱི་གནས་ཚུལ་དོགས་ཡོད་རྣམས་གསོག་འཇོག་གིས་གསང་ཉན་དང་གནས་ཚུལ་དབྱེ་ཞིབ་བྱེད་འཆར་འདུག།བཅོས་མའི་རྣམ་དཔྱོད་བཟོ་ཚོང་ཁང་ཆེ་གྲས་ཨ་ལི་བཱ་བཱ་ (Alibaba) དང་། འཚོལ་ཞིབ་མ་ལག་དང་སྔོག་བཤེར་མཁོ་འདོན་པ་བཻ་དུ་(Baidu) འཕྲིན་ཐུང་དང་སྤྱི་ཚོགས་དྲྭ་རྒྱའི་མ་ལག་མཁོ་འདོན་པ་ཀྲེན་སེནྚ་(Tencent) སྐད་སྒྲ་ངོས་འཛིན་དང་མཁོ་འདོན་ཁང་ ཨཻ་ཕ་ལཻ་ཊེག་ (Ifly Tec) དེ་བཞིན་ངོ་རིས་ངོས་འཛིན་མ་ལག་(FaceTime) བཟོ་ཚོང་ཁང་བཅས་བོད་ནང་རྒྱ་སྐྱེད་དང་མ་རྩ་ཕོན་ཆེན་འཛུགས་འཆར་ཡོད། རྒྱ་མིའི་ཚོང་པ་མང་པོས་ཡིད་ཆེས་ཆེན་པོས་བོད་ནང་མ་རྩ་འཛུགས་བཞིན་འདུག།ཁོང་ཚོ་ལ་བོད་ནང་ཚོང་འབྲེལ་གྱི་འཕེལ་རྒྱས་མྱུར་པོ་དང་། རྒྱ་ནག་གཞུང་གིས་དམིགས་བསལ་ལྟ་རྟོག་དང་། ཁྲལ་ཆག་ཕོན་ཆེན་རག་གི་ཡོད་པའི་ལྟ་ཚུལ་ཡོང་གི་ཡོད། རྒྱ་ནག་གི་མ་རྩའི་ཚོང་ལས་ཁང་གི་ལས་བྱེད་ཀྱི་བརྗོད་གསལ་གཞིགས་ན། བོད་ནང་ཚོང་གི་ཁྲལ་ཆག་ཡང་ཐོག་བརྒྱ་ཆ་༩ ལས་སྤྲད་དགོས་ཀྱི་མེད་པ་དང་། རྒྱ་ནག་གིས་ས་ཁུལ་གཞན་ལ་བརྒྱ་ཆ་༢༥ ཐོབ་ཀྱི་ཡོད་འདུག[4]

རྒྱ་ནག་དབུས་གཞུང་ནས་སྐམ་ས་ཆེན་པོའི་ཆེ་མཐོང་དང་འབྲེལ་བའི་གནས་ཚུལ་རྣམས་ཕྱིར་བསྒྲགས་བྱེད་མཁན་བྱུང་ཚེ་ཉེས་མིང་འདྲ་མིན་འོག་ཐེར་འདོན་བྱས་ཏེ་གང་བྱུང་འཛིན་བཟུང་བཀག་ཉར་བྱེད་པ་ནི་མཐོང་ཆོས་སུ་གྱུར་ཡོད། འོན་ཀྱང་དེ་ལས་ལྡོག་སྟེ་གཞིས་ལུས་མང་ཚོགས་ནས་རང་གིས་རང་ལ་དམ་དྲག་བྱས་ཏེ་རྒྱ་གཞུང་གི་སྲིད་བྱུས་ལས་གཡོལ་ཐབས་བྱེད་པ་དང་། དེ་བཞིན་ཐབས་བྱུས་སྣ་ཚོགས་བེད་སྤྱོད་དེ་ལག་ཐོགས་ཁ་པར་དང་སྤྱི་ཚོགས་བརྒྱུད་ལམ་ཁག་ནུས་པ་ཐོན་པའི་སྒོ་ནས་བེད་སྤྱོད་བྱས་ཏེ། བོད་ནང་རྒྱ་གཞུང་གིས་མཁྲེགས་འཛིན་གྱི་སྲིད་བྱུས་འཛམ་གླིང་ཕྱི་ལ་དྲིལ་བསྒྲགས་བྱེད་བཞིན་ཡོད། ཤིན་ཅང་དང་བོད་ནང་ཕྱི་རྒྱལ་གསར་འགོད་པ་དང་ཉམས་ཞིབ་པ་བསྐྱོད་རྒྱུར་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་ལྟར། ས་གནས་དེ་དག་ནང་དྲྭ་རྒྱ་བཀོལ་སྤྱོད་དང་འབྲེལ་བའི་མི་སྣ་འཛིན་བཟུང་ཇི་ཙམ་བྱས་ཡོད་མེད་གྲངས་འབོར་གསལ་པོ་རག་ཐབས་དཀའ།

རྒྱ་ནག་མེ་རི་ཆེན་པོ་ལས་གཡོལ་ཐབས།
རྒྱ་ནག་ནང་རྒྱལ་སྤྱིའི་འཚོལ་ཞིབ་མ་ལག་དང་སྤྱི་ཚོགས་དྲྭ་རྒྱ་མང་པོ་སྒོ་བརྒྱབ་ཡོད་པ་མཁྱེན་གསལ་རེད། རྒྱ་ནག་མེ་རི་ཆེན་པོའི་བཀག་སྡོམ་ལས་གཡོལ་ཐབས་ཆེད་VPN མཉེན་ཆས་མ་ལག་དེ་སྒེར་གྱི་གློག་ཀླད་དམ་སྤྱོད་བདེའི་ལག་ཐོགས་ཁ་པར་ནང་འཇུག་ཚེ་IP ཁ་བྱང་དེ་ཡུལ་ལུང་གཞན་ལ་རང་བཞིན་གྱིས་འཕོ་འགྱུར་གཏོང་ཐུབ། དོ་བདག་གི་བེད་སྤྱོད་བྱེད་ཡུལ་གྱི་སྡོད་གནས་ངོ་མ་སྦས་དེ་དྲྭ་བའི་གནས་ཚུལ་བརྟན་པོ་དང་བཙན་པོ་ཉར་ཐུབ་པའི་ནུས་པ་ལྡན་ཡོད། དྲྭ་ཐོག་གི་གནས་ཚུལ་ཚང་མ་སྦ་གསང་བྱེད་ཐུབ་པ་མ་ཟད། བཀག་སྡོམ་བྱས་པའི་དྲྭ་ཚིགས་ཡོད་ཚད་ལ་ལྟ་ཀློག་དང་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད། འཆར་གཞི་ལྟར་བྱས་ན། རྒྱ་ནག་ནང་ཕྱི་ལོ་༢༠༡༨ ལོའི་ཟླ་བ་དང་པོར་VPN མཐའ་དག་སྒོ་བརྒྱབ་རྒྱུའི་ལས་དོན་གཉེར་ཀྱང་ལམ་ལྷོང་བྱུང་མེད།[5] དེ་ལས་ལྡོག་སྟེ་ཞིབ་བཤེར་སྟངས་འཛིན་གྱི་མ་ལག་ལས་བརྒལ་ནས་འཚོལ་ཞིབ་ཀྱི་ཆེད་མཉེན་ཆས་VPN རྒྱ་ནག་ནང་བེད་སྤྱོད་བྱེད་མཁན་ས་ཡ་༢༠༠ ནས་༣༠༠ བར་ཡོད་པར་གསལ་འདུག།མཉེན་ཆས་དེ་བཞིན་སའི་ཕོན་(Psiphon) དང་།  ཊོར།(Tor) ཕིརི་གེཊ་(Free Gate) བཅས་བཀོལ་སྤྱོད་བྱེད་མཁན་ཧ་ཅང་མང་པོར་འགྱུར་བཞིན་ཡོད། འདི་དག་གིས་དྲྭ་རྒྱ་བཀོལ་སྤྱོད་བྱེད་མཁན་སུ་ཡིན་རུང་རང་འགུལ་གྱིས་སྐུད་མེད་དྲྭ་བར་མཐུད་ནས།  ཁྱེད་དང་དྲྭ་རྒྱའི་དབར་དུ་གསང་བ་དང་བདེ་འཇགས་ཡིན་པའི་ལམ་ཞིག་བཟོས་ཏེ་དོ་བདག་ཉེན་ཁ་ལས་སྲུང་སྐྱོབ་བྱེད་ཀྱི་ཡོད།

མཉེན་ཆས་དེ་དག་བེད་སྤྱོད་བྱེད་པ་རྒྱ་གཞུང་གིས་ཧ་གོ་ཚེ་བཙོན་འཇུག་དང་བཀག་སྐྱིལ་བྱ་ངེས་མ་ཟད། འདྲི་རྩད་བྱེད་རྒྱུར་གདོན་མི་ཟ། མདོར་ན། བོད་ས་ཡོངས་ལ་ཚན་རིག་དར་སྤེལ་གྱི་མཉེན་ཆས་འདྲ་མིན་གསར་གཏོད་བྱེད་བཞིན་པའི་མུར་མི་མང་རྣམས་དངོས་ཤུགས་བརྒྱུད་གསུམ་ནས་དམ་དྲག་ནན་པོའི་ལྟ་སྲུང་འོག་གནས་ཡོད་པའི་ར་འཕྲོད་བྱུང་།

[1]https://www.thechinastory.org/keyword/the-internet/   accessed on 8 March 2019

[2]https://www.forbes.com/sites/niallmccarthy/2018/08/23/china-now-boasts-more-than-800-million-internet-users-and-98-of-them-are-mobile-infographic/#6c8f0b95 accessed on 15 March 2019

[3]https://freedomhouse.org/report/freedom-world/freedom-world-2017 accessed on 10 April 2019

[4]https://asia.nikkei.com/Business/China-tech/China-tech-giants-elbow-into-fast-growing-Tibet accessed on 18 April 2019

[5]https://tibetpolicy.net/comments-briefs/china-smothers-last-breath-of-internet-freedom-with-vpn-ban/ accessed on 20 April 2019

Share this:
༩༧༡ ཀློག་གྲངས།