རྒྱ་ནག་གཞུང་ལ་སྐྲག་ནས་བརྙན་འཕྲིན་ལེ་ཚན་ཞིབ་བཤེར་བྱས་འདུག

ཨ་རིའི་བརྙན་འཕྲིན་ཁང་ཆེ་ཤོས་གྲས་སུ་ཚུད་པའི་སཱི་བྷི་ཨེ་སེ་བརྙན་འཕྲིན་ཁང་གིས། ལེ་ཚན་ཞིག་གི་ནང་དུ་རྒྱ་ནག་གཞུང་ལ་སྐྲག་ནས་ལེ་ཚན་ཞིག་ནང་དུ་དུམ་བུ་གཅིག་ཕྱིར་འཐེན་བྱས་ཏེ་ཞིབ་བཤེར་བྱས་ཡོད་འདུག དེ་ཡང་བརྙན་འཕྲིན་ཁང་དེའི་ལེ་ཚན་ནང་ཨ་རིའི་ཆབ་སྲིད་ཀྱི་ཁོར་ཡུག་དང་འབྲེལ་ནས། རྒྱལ་ནང་གི་ཆབ་སྲིད་མི་སྣ་སྲིད་འཛིན་ཊོམ་ཚུད་པའི་མང་པོ་ཞིག་ལ་ཟུར་ཟ་མང་པོ་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་ལ་གནོད་པའི་ཟུར་ཟ་རིགས་བྱེད་རྒྱུ་བཀག་འགོག་བྱས་ཡོད་འདུག

ཟླ་༥ པའི་ཚེས་༧ ཉིན་ནིའུ་ཡོག་དུས་བབ་སྟེང་དུ་གནས་ཚུལ་བཀོད་བར་གཞིགས་ན། ཨ་རིའི་བརྙན་འཕྲིན་ཁང་ཆེ་ཤོས་གྲས་སུ་ཡིན་པ་སཱི་བྷི་ཨེ་སེ་(CBS) ཡི་འགུལ་བརྙན་ལེ་ཚན་འཐབ་རྩོད་བཟང་པོ་ཞེས་པའི་ཁྲིམས་རྩོད་པ་དང་འབྲེལ་བའི་གཏམ་བརྗོད་ཅིག་རྒྱང་སྲིང་བྱེད་ཀྱི་ཡོད་འདུག་པ་དང་། ཉེ་ཆར་ལེ་ཚན་དེའི་ནང་དུ་ཁྲིམས་རྩོད་པ་ཁག་ཅིག་དང་ཁོང་ཚོས་སྲུང་སྐྱོབ་བྱེད་ཡུལ་གྱི་ཁ་མཆུ་ཕོག་ཡུལ་མི་སྣ་ཚོའི་བར་རྩོད་པ་རྒྱག་བཞིན་པའི་འཁྲབ་ཚན་ཞིག་གི་སྐབས་སུ། གློ་བུར་དུ་བརྙན་འཕྲིན་གྱི་གདོང་གཞི་ནག་པོ་ཆགས་ནས་སྐར་ཆ་བརྒྱད་ཙམ་རིང་སཱི་བྷི་ཨེ་སེ་ཡིས་དུམ་བུ་འདི་ཞིབ་བཤེར་བྱས་ཡོད་ཅེས་པའི་ཡི་གེ་ཐོན་ཡོད་འདུག

ཞིབ་བཤེར་གྱི་ཡི་གེ་དེ་མ་བསྟན་པའི་སྔོན་དུ། ལེ་ཚན་དེའི་ནང་ཚོང་ལས་ཁང་ཞིག་གིས་རྒྱ་ནག་གཞུང་གི་ཞིབ་བཤེར་པ་ཚོ་དགའ་པོ་བྱུང་ཆེད་དུ། གནས་ཚུལ་ཞིབ་བཤེར་བྱེད་རྒྱུ་ཡོད་པའི་དམིགས་བསལ་གྱི་དྲ་ཐོག་འཚོལ་ཞིབ་མ་ལག་ཞིག་བཟོ་རྒྱུའི་གསང་བའི་ལས་འཆར་ཞིག་གི་སྐོར་གྲོས་བསྡུར་བྱེད་ཀྱི་ཡོད་པ་དང་། སྐབས་དེར་འཁྲབ་གཞུང་མི་སྣ་ཞིག་གིས་ལས་འཆར་དེས་རྒྱ་ནག་གཞུང་གིས་ཞིབ་བཤེར་བྱེད་ཐུབ་པའི་དམིགས་བསལ་འཚོལ་ཞིབ་མ་ལག་ཟེར་རམ་ཞེས་དྲིས་སྐབས། མི་སྣ་གཞན་ཞིག་གིས་དེ་ལ་ཞིབ་བཤེར་བརྗོད་འདོད་མེད། དེ་ནི་རྒྱལ་ཁབ་ཀྱི་ཁྲིམས་ལ་བརྩི་བཀུར་བྱས་པ་རེད་ཅེས་བརྗོད་ཀྱི་ཡོད་འདུག་པས། བརྙན་འཕྲིན་བལྟ་མཁན་མང་པོ་ཞིག་གིས་ཡི་གེ་འདི་ནི་ཟུར་ཟའི་ཆེད་དུ་བསྟན་པ་རེད་དྲན་འདུག་ཀྱང་། དངོས་ཡོད་གནས་ཚུལ་ལ། ཞིབ་བཤེར་བྱས་པའི་དུམ་བུ་དེའི་ནང་རྒྱ་ནག་ནང་གི་དྲ་ཐོག་ཏུ་ཞིབ་བཤེར་བཀག་སྡོམ་བྱས་པའི་བརྗོད་གཞི་གནམ་སྡེ་གོ་མོ་དང་། ཧྥ་ལོང་གྷོང་། སྲིད་འཛིན་ཞི་ཅིན་ཕིང་དང་མཚུངས་བསྡུར་བྱས་པའི་འགུལ་བརྙན་འཁྲབ་སྟོན་མི་སྣ་དོམ་ཝི་ནི་པཱུ་ཞེས་པ་སོགས་འབྲེལ་སྦྱོར་བྱེད་ཀྱི་ཡོད་འདུག་པས། ལེ་ཚན་འདི་བཟོ་སྐྲུན་བྱེད་མཁན་བཟའ་ཚང་གཉིས་ལ་བརྙན་འཕྲིན་ལས་ཁང་གིས། ལེ་ཚན་དེ་རྒྱང་སྲིང་བྱེད་པར་བདུན་ཕྲག་གཉིས་ཀྱི་སྔོན་དུ་རེ་སྐུལ་བྱས་ཏེ་ལེ་ཚན་གྱི་དུམ་བུ་དེ་ཕྱིར་འཐེན་བྱས་པའི་གནས་ཚུལ་ཐོན་འདུག

སཱི་བྷི་ཨེ་སེ་བརྙན་འཕྲིན་ཁང་གིས་སྤེལ་བའི་བསྒྲགས་གཏམ་ཞིག་ནང་དུ། ལེ་ཚན་དེའི་ནང་གི་བརྗོད་བྱ་ཁག་ཅིག་ལ་སེམས་འཚབ་བྱུང་བས། བཟོ་སྐྲུན་པ་དང་མོས་མཐུན་བྱུང་ཏེ་ཐབས་ལམ་བཙལ་བ་ཡིན་སྐོར་བརྗོད་འདུག་པ་དང་། བརྙན་འཕྲིན་ཁང་གི་མགྲིན་ཚབ་པས་བསྒྲགས་གཏམ་ནང་སྤེལ་བའི་རྒྱུ་མཚན་དེ་ལས་གཞན་པའི་བསམ་ཚུལ་གང་ཡང་བརྗོད་རྒྱུར་མོས་མཐུན་བྱས་མི་འདུག

འགུལ་བརྙན་ལེ་ཚན་དེ་བཟོ་སྐྲུན་བྱེད་མཁན་བཟའ་ཚང་གཉིས་ཀྱིས་བརྒྱུད་ལམ་ཁག་ཏུ། རྒྱུན་དུ་ནས་ཁོང་གཉིས་ཀྱི་ལེ་ཚན་དེའི་ནང་སེམས་ཚོར་རྣོན་པོ་དང་རྩོད་རྙོག་ཆེ་བའི་གནད་དོན་མང་པོ་ཞིག་གི་ཐོག་གླེང་སློང་བྱེད་ཀྱི་ཡོད་ཀྱང་། ཐེངས་འདིར་བརྙན་འཕྲིན་ལས་ཁང་གིས་དུམ་བུ་དེ་ཞིབ་བཤེར་བྱེད་པའི་རེ་སྐུལ་བྱས་སྐབས་ཧང་སངས་ཡོད་པ་དང་། ཐོག་མར་ཁོང་གཉིས་ཀྱིས་གལ་ཏེ་དུམ་བུ་དེ་ཕྱིར་འཐེན་བྱས་ཚེ་ལས་ཀ་ནས་དགོངས་པ་ཞུ་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་། རྗེས་སུ་ཕྱིར་འཐེན་བྱས་པའི་དུམ་བུའི་ཚབ་ཏུ་ཞིབ་བཤེར་བྱས་ཡོད་པའི་ཡི་གེ་སྟོན་རྒྱུར་མོས་མཐུན་བྱས་པ་ཡིན་སྐོར་བརྗོད་འདུག

འགུལ་བརྙན་གྱི་ལེ་ཚན་དེའི་ཆེད་དུ་གཞས་ཚིག་རྩོམ་མཁན་ཞིག་གིས། བརྙན་འཕྲིན་ལས་ཁང་དེས་ཁོང་ལ་གལ་ཏེ་དུམ་བུ་དེ་ཕྱིར་འཐེན་མ་བྱས་པར་རྒྱང་སྲིང་བྱས་ཚེ། རྒྱ་ནག་ནང་དུ་ཡོད་པའི་བརྙན་འཕྲིན་ཁང་དེའི་ལས་བྱེད་ཚོའི་བདེ་འཇགས་ལ་སེམས་ཁྲལ་ཡོད་པ་དང་། དེ་བཞིན་རྒྱ་ནག་ནང་དུ་བརྙན་འཕྲིན་ཁང་དེའི་ལེ་ཚན་བལྟ་མཁན་ཡོད་པས། རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཡོད་པའི་ལེ་ཚན་རྒྱང་སྲིང་བྱས་ཚེ། ལེ་ཚན་དེ་བཀག་འགོག་ཡོང་བའི་ཉེན་ཁ་ལ་བསམ་བློ་སྔོན་ནས་གཏོང་དགོས་ཀྱི་ཡོད་སྐོར་བརྗོད་འདུག

རྒྱལ་སྤྱིའི་ནང་གློག་བརྙན་བཟོ་སྐྲུན་པ་དང་བརྙན་འཕྲིན་ལེ་ཚན་བཟོ་སྐྲུན་པ། གཞས་པ་གཞས་མ། དེ་བཞིན་གློག་བརྙན་འཁྲབ་སྟོན་མི་སྣ་སོགས་ཀྱིས་རྒྱ་ནག་གཞུང་གི་སེམས་ཚོར་རྣོན་པོ་འཛིན་བཞིན་པའི་གནད་དོན་ཁག་གི་ཐོག་ལ་གླེང་སློང་གམ། དེ་དག་དང་འབྲེལ་བའི་མི་སྣ་ཐུག་འཕྲད་སོགས་བྱས་ཚེ། རྒྱ་ནག་ནང་དུ་དེ་དག་གི་ལས་དོན་ཚང་མ་བཀག་འགོག་བྱེད་ཀྱི་ཡོད་པས། དཔལ་འབྱོར་གྱི་ཕྱོགས་ནས་གྱོང་གུད་ཆེན་པོ་བཟོ་ཐུབ་ཀྱི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༥༡༦ ཀློག་གྲངས།