བྲག་རི་རིན་པོ་ཆེར་བུད་མེད་གཞན་ཞིག་གིས་ཉེས་འཛུགས་བྱས་འདུག

དགུང་ལོ་༦༥ ཡིན་པའི་བྲག་རི་རིན་པོ་ཆེར་ཉེ་བའི་ཆར་རྒྱ་གར་བུད་མེད་ཅིག་གིས་ཚུལ་མིན་གྱི་རེག་ཐུག་བྱས་པའི་ཉེས་འཛུགས་བྱས་ནས་ཉེན་རྟོག་པར་སྙན་སེང་ཞུས་ཡོད་སྐོར་དང་། དེའི་རྗེས་སུ་ཕྱི་རྒྱལ་བ་བུད་མེད་ཅིག་གིས་ལོ་མང་སྔོན་དུ་མོ་ལ་ཡང་ཚུལ་མིན་གྱི་རེག་ཐུག་གནོད་འཚེ་བྱས་ཡོད་སྐོར་གྱི་བརྙན་ཐུང་ཞིག་འགྲེམས་སྤེལ་བྱས་ཏེ། དེ་སྔོན་རིན་པོ་ཆེས་ཚུལ་མིན་གྱི་གནོད་འཚེ་ཕོག་མཁན་བུད་མེད་མང་པོ་ཡོད་པ་རྣམས་ཕྱིར་ཐོན་རྒྱུའི་དུས་ལ་སླེབས་ཡོད་སྐོར་བརྗོད་འདུག འདི་ག་གསར་འགོད་པས་ཁ་སང་རིན་པོ་ཆེ་དང་ཁོང་དང་འབྲེལ་ཡོད་ལ་འབྲེལ་བ་བྱས་ཀྱང་། ད་བར་ལན་འདེབས་གང་ཡང་བྱུང་མ་སོང་། གནས་ཚུལ་བདེན་མིན་ཁ་གསལ་གང་ཡང་མི་འདུག

དེ་ཡང་ཟླ་༥ པའི་ཚེས་༣ ཉིན་རྒྱ་གར་བུད་མེད་གཅིག་གིས་ལྡི་ལི་ནས་དྷ་སའི་ཉེ་འགྲམ་གྱི་གྷ་གྷལ་བར་གནམ་གྲུའི་ནང་ཡོང་སྐབས། བྲག་རི་རིན་པོ་ཆེས་ཁོང་ལ་ཚུལ་མིན་གྱི་རེག་ཐུག་བྱས་སོང་ཞེས་ཉེན་རྟོག་པར་སྙན་སེང་ཞུས་ཡོད་སྐོར་དང་། སྐབས་དེར་ཉེན་རྟོག་པས་ཁོང་འཇུ་བཟུང་བྱས་ཡོད་པའི་གནས་ཚུལ་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་སྤེལ་ཡོད་པ་རེད། སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁོང་གིས་གཏའ་དངུལ་སྤྲད་ནས་ཉེན་རྟོག་པས་གློད་གྲོལ་བཏང་ཡོད་ཁར། གནད་དོན་ལ་མུ་མཐུད་ནས་ཞིབ་འཇུག་བྱེད་བཞིན་ཡོད་སྐོར་གྱི་གནས་ཚུལ་ཁྱབ་བཞིན་ཡོད་པ་རེད།

གནས་ཚུལ་དེ་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཤུགས་ཆེན་ཁྱབ་སྤེལ་སོང་རྗེས། ཟླ་༥ པའི་ཚེས་༧ ཉིན་དེ་སྔོན་ནང་པའི་བཙུན་མ་ཡིན་མཁན་ཕྱི་རྒྱལ་བ་ (Jakaira Perez Valdivia) ཡིས་སྤྱི་ཚོགས་དྲ་ལམ་ཐོག་ཏུ་བརྙན་ཐུང་ཞིག་འགྲེམས་སྤེལ་བྱས་ནས། དེ་སྔོན་ཁོང་དྷ་སར་ནང་པའི་བཙུན་མ་བྱས་ཏེ་སྡོད་བཞིན་སྐབས། སྒལ་རུས་ཀྱི་ན་ཚ་ཞིག་ལ་བརྟེན་ནས་བྲག་རི་རིན་པོ་ཆེའི་སར་སོང་སྐབས། ཁོང་གིས་མོ་ལ་ཚུལ་མིན་གྱི་རེག་ཐུག་གནོད་འཚེ་བཏང་ཡོད་སྐོར་བརྗོད་ནས། སྐབས་དེར་མོས་གནས་ཚུལ་དེའི་ཐོག་རང་གི་བདེན་དོན་བསྒྲགས་ཡིག་(Statutory Declaration)བྲིས་ནས། དགའ་ལྡན་ཕོ་བྲང་ཡིག་ཚང་དང་བྲག་རི་རིན་པོ་ཆེ་ཕྱི་རྒྱལ་དུ་ནང་ཆོས་སློབ་ཁྲིད་བྱེད་པར་མགྲོན་འབོད་བྱེད་མཁན་ཆོས་ཚོགས་ (Foundation for the Preservation of the Mahayana Tradition)བཅས་ལ་བསྒྲགས་ཡིག་རེ་སྤྲད་ཡོད་པ་དང་། རྗེས་སུ་དགའ་ལྡན་ཕོ་བྲང་ནས་མོ་དང་བྲག་རི་རིན་པོ་ཆེ་གཉིས་བར་ཐུག་འཕྲད་གོ་སྒྲིག་བྱས་སྐབས། རིན་པོ་ཆེ་ཡིས་མོ་ལ་དགོངས་སེལ་ཞུས་ཡོད་སྐོར་བརྗོད་འདུག མོས་བརྗོད་དོན་ལྟར་ན་ཐུག་འཕྲད་སྐབས་ཀྱི་སྐད་ཆ་རྣམས་སྒྲ་འཇུག་བྱེད་དུ་བཅུག་མེད་པས། དེའི་ཐོག་གི་དཔང་རྟགས་གང་ཡང་སྟོན་རྒྱུ་མེད་སྐོར་དང་། དེ་བཞིན་མོས་བྲག་རི་རིན་པོ་ཆེས་འཁྲིག་སྤྱོད་གནོད་འཚེ་བཏང་ཡུལ་བུད་མེད་མང་པོ་ཡོད་པ་ཤེས་ཀྱི་ཡོད་པས། དེ་ཚོ་ཚང་མར་ཕྱིར་ཐོན་ནས་གནས་ཚུལ་ཡོང་གྲགས་བཟོ་རྒྱུའི་དུས་ལ་སླེབས་ཡོད་པ། ཉེ་ཆར་རིན་པོ་ཆེ་ཉེན་རྟོག་ཁང་དུ་བསྐྱལ་མཁན་རྒྱ་གར་བུད་མེད་དེས། རིན་པོ་ཆེ་ཁྲིམས་གཏུག་བྱས་ཚེ་མོས་རམས་འདེགས་གང་ཡོང་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

དེ་ཡང་མོས་བརྙན་ཐུང་དེའི་འོག་ཏུ། དེ་སྔོན་ཕྱི་ལོ་༢༠༡༠ ལོར་བྲིས་པའི་ཡིག་ཆ་ཤོག་ངོས་བཞི་བྱས་པ་ཞིག་བཞག་འདུག་པ་དང་། དེའི་ནང་མོའི་ན་ཚ་ཞིག་ལ་བརྟེན་ནས་རིན་པོ་ཆེའི་སར་སོང་སྐབས། རིན་པོ་ཆེས་མོ་ལ་འཁྲིག་སྤྱོད་ཀྱི་གནོད་འཚེ་གང་འདྲ་བྱས་མིན་སྐོར་ཞིབ་ཕྲ་འཁོད་འདུག

ཕྱི་རྒྱལ་བུད་མེད་དེས་མོ་དང་རིན་པོ་ཆེ་དང་ཐུག་འཕྲད་གོ་སྒྲིག་བྱེད་མཁན་དགའ་ལྡན་ཕོ་བྲང་ཡིག་ཚང་ཡིན་སྐོར་བརྗོད་ཡོད་ཁར། ཉེ་ཆར་གྱི་གནད་དོན་ལྷག་སྐབས་རྒྱ་གར་བརྒྱུད་ལམ་ཁག་ཏུ་ཁོང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ལས་བྱེད་ཡིན་སྐོར་འཁོད་ཡོད་པས། འདི་གའི་གསར་འགོད་པར་རིན་པོ་ཆེ་ཁོང་གི་ཁ་པར་ཨང་གྲངས་རག་ཐབས་བྱས་ཀྱང་མ་ཐོབ་པས། ངོ་དེབ་ཐོག་ཏུ་ཡོད་པའི་ཁོང་གི་གློག་འཕྲིན་ཁ་བྱང་དང་། དེ་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གློག་འཕྲིན་ཁ་བྱང་བཅས་ལ་ཁ་སང་ཉིན། གནས་ཚུལ་དེའི་གསལ་བཤད་དམ་ལན་འདེབས་ཡོད་མེད་གནས་འདྲི་བྱས་པ་ཡིན་ཏེ། ད་བར་ལན་འདེབས་གང་ཡང་འབྱོར་མ་བྱུང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།
འབྲེལ་ཡོད་ཡིག་ཆ།

འབྲེལ་ཡོད་ཡིག་ཆ།

Share this:
༥༥༨༢ ཀློག་གྲངས།