གང་ཡོད་པ་དེ་གསོ་སྐྱོང་ཡག་པོ་ཐུབ་དགོས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༥༠  ཕྱི་ལོ་ ༢༠༡༩/༥ /༨

ལོ་འདིར་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་པའི་རྒྱུགས་སྤྲོད་ནང་བཙན་བྱོལ་བོད་པའི་སློབ་གྲྭ་ཁག་གི་རྒྱུགས་འབྲས་ནི། ལོ་སྔོན་མ་ཕྱི་ལོ་༢༠༡༨ ལོ་དང་བསྡུར་ན་སྤྱི་ཡོངས་ནས་བརྒྱ་ཆ་༡.༤༤ འཕར་ཡོད་འདུག་པ་དང་། དེ་ཡང་སློབ་ཕྲུག་༡༡༣༣ འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་སུ་ཞུགས་པ་ནས་༡༡༠༠ ཡིག་རྒྱུགས་འཕྲོད་ཡོད་ཅིང་། ལོ་འདིར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ཀྱི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་༩༧ ཡིན་འདུག ལོ་སྔོན་མའི་བརྒྱ་ཆ་༩༥.༥༦ དང་བསྡུར་ན་འདི་ལོར་འཕར་ཡོད་པ་རེད། ཆེ་ས་ནས་བོད་པ་སྤྱི་ཡོངས་དང་། འབྲིང་ས་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས། ཆུང་ས་ནས་མི་སྒེར་སོ་སོའི་འཚོ་བའི་དོན་དུ་བསམ་བློ་བཏང་ན་ཤེས་ཡོན་ནི་དུས་རབས་ཉེར་གཅིག་པའི་ནང་མེད་ཐབས་མེད་པ་ཞིག་ཏུ་གྱུར་ཟིན། སྤྱི་ཚོགས་ནང་གི་ལས་དོན་གང་ཡིན་ཡང་གཙོ་བོ་ཤེས་ཡོན་དང་མ་འབྲེལ་བ་ཞིག་ཕལ་ཆེར་མེད་པ་དང་། ཤེས་ཡོན་དེ་ཡང་མི་སོ་སོའི་སྙིང་སྟོབས་སམ་འཇོན་ཐང་གི་གྲོགས་སུ་འགྱུར་ཐུབ་པ་ཞིག་ངེས་པར་དུ་བྱེད་དགོས།

ལོ་འདིར་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་པའི་རྒྱུགས་སྤྲོད་ནང་། བཙན་བྱོལ་བོད་པའི་སློབ་གྲྭ་ཁག་ནས་༡༡༣༣ མཉམ་ཞུགས་བྱས་ཡོད་པ་འདི་ཡང་གྲངས་ཀའི་ཐོག་ནས་ཉུང་ཉུང་ཞིག་གཏན་ནས་མ་རེད། ད་ལྟའི་ཆར་བཙན་བྱོལ་བོད་མི་མང་པོ་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱོད་བཞིན་ཡོད་པ་དང་། བོད་དུ་ཕྱིར་ལོག་མཁན་ཡང་མི་ཉུང་བ་ཞིག་ཡོད་པའི་སྐབས་འདིར་གྲངས་ཀ་འདི་ནི་དོ་སྣང་ཆེན་པོ་བྱེད་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད། ལོ་འདིར་རྒྱུགས་འཕྲོད་པའི་སློབ་མ་རྣམས་ཀྱི་ནང་ནས་མུ་མཐུད་དུ་མཐོ་སློབ་འགྲིམ་མཁན་དང་། ལག་རྩལ་སོགས་ཤེས་ཡོན་བྱེ་བྲག་པའི་ཐོག་ནས་རིགས་གཅིག་རྐང་འཛིན་བྱེད་མཁན་སོགས་ག་ཚོད་ཅིག་ཐོན་ཐུབ་མིན་དེ་གནད་དོན་ཆེ་ཤོས་སུ་གྱུར་ཡོད། གྲངས་ཀ་འདིའི་ནང་ནས་ཤེས་ཡོན་དང་སློབ་སྦྱོང་གི་ཐོག་ནས་མཁས་པ་བརྒྱ་ཆ་༡༠ ཙམ་ཐོན་ཐུབ་པའི་དབང་དུ་བཏང་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མཁས་པ་གྲངས་༡༡༠ ཙམ་མང་དུ་སོང་བས། འཐབ་རྩོད་དང་དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་ནུས་པ་ཆེ་རུ་སོང་བ་རེད།

སྤྱི་ཚོགས་ནང་གྲངས་ཚད་གཙོ་བོ་ཡིན་པའི་ལྟ་ཚུལ་འཛིན་མཁན་དང་། གྲངས་ཚད་ལས་སྤུས་ཚད་གཙོ་བོར་འཛིན་པའི་ལྟ་ཚུལ་འཛིན་མཁན་ཡོད་པ་བཞིན། རྩ་བས་གྲངས་ཚད་མང་པོ་མེད་ན་སྤུས་ཚད་ཅན་གྱི་མི་སྣ་མང་པོ་གསོ་སྐྱོང་བྱེད་མི་ཐུབ་པ་སྨྲོས་མེད་ཡིན་ཡང་། གནས་སྟངས་མང་པོ་ཞིག་ལ་གཞིགས་ན་གྲངས་ཀ་མང་དུ་གཏོང་རྒྱུ་དེ་ལས་སླ་པོ་དང་། ཚང་མས་དང་ལེན་བྱེད་ཐུབ་པའི་གནས་སྟངས་ཤིག་ད་ལྟའི་ཆར་མེད་ནའང་། སློབ་ཕྲུག་གྲངས་ཀ་གང་ཡོད་པ་དེ་ལ་དགེ་རྒན་དང་དཔལ་འབྱོར་ཁོར་ཡུག་སོགས་མཐུན་རྐྱེན་འདེང་ངེས་སྤྲད་ནས་མ་འོངས་པར་སྤུས་ཚད་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་གཞུང་འབངས་གཉིས་ངོས་ནས་འབད་བརྩོན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། ལོ་འདིར་འཛིན་རིམ་བཅུ་གཉིས་པར་ཞུགས་མཁན་རྒྱ་གར་ནང་གཅིག་པུར་གྲངས་༡༡༣༣ ཡོད་པ་འདི་དག་ཚང་མར་གཞི་རིམ་གྱི་ཤེས་ཡོན་མེད་མཁན་ཞིག་མེད་སྟབས། བཙན་བྱོལ་བོད་མིའི་མི་འབོར་ཉུང་ངུ་འདིའི་ཆ་ནས་བཤད་ན་ཚང་མས་དོ་སྣང་ཆེན་པོའི་ཐོག་ནས་མཐོ་རིམ་གྱི་ཤེས་ཡོན་ཡོད་པ་ཞིག་གསོ་སྐྱོང་བྱེད་པར་འབད་བརྩོན་བྱེད་དགོས།

ཤེས་ཚད་ཀྱི་ཐོག་ནས་འདེང་ངེས་ཡོད་ནའང་། སྤོབས་པ་དང་གདེང་ཚོད། དམིགས་ཡུལ་དང་འཆར་གཞི་ཡོད་པའི་དཔུང་སྡེ་ཞིག་བསྐྲུན་མ་ཐུབ་ན་ཤེས་ཚད་ཡོད་པ་ཙམ་གྱིས་ཐམས་ཅད་འགྲིགས་སོང་བ་ཞིག་གཏན་ནས་མིན་པར། གནད་དོན་འདི་ཉིད་གཙོ་བོ་དགེ་རྒན་དང་ཕ་མའི་ལམ་སྟོན། སྤྱི་ཚོགས་ཀྱི་འགྲོ་སྟངས་བཅས་ཀྱི་ཐོག་ནས་ཡོང་དགོས། བོད་པའི་སྤྱི་ཚོགས་ནང་མི་མངོན་པ་དང་མི་ཤེས་པའི་ཐོག་ནས་སྤྱི་ཚོགས་ཀྱི་གནོན་ཤུགས་ལྟ་བུའང་མང་པོ་ཡོད་ཅིང་། དཔེར་ན་དད་མོས་དང་འབྲེལ་བའི་བསམ་ཚུལ་ཞིག་ལ་མཚོན་ན་ངེས་པར་དུ་ཚང་མས་ཆོས་ལ་དད་པ་ཡོད་དགོས་པ་དང་། དད་པ་མ་བྱས་ན་མི་འགྲིག་པ། དད་མོས་མེད་པའི་སྐོར་གྱི་བསམ་ཚུལ་ཡང་བརྗོད་མི་ཆོག་པ་ལྟ་བུ། ད་དུང་སློབ་གྲྭ་ཁ་ཤས་སུ་བུ་མོ་རྣམས་ཀྱིས་འཚེམ་བཟོ་སྦྱང་དགོས་པ་ལས། རི་མོ་སྦྱང་མི་ཆོག་ཚུལ་ལྟ་བུ་བུད་མེད་ལ་རང་བཞིན་གྱིས་མཐོང་ཆུང་ལྟ་བུའི་གནས་ཚུལ་ཡང་ཡོད། ད་ལྟའི་དུས་འདིར་བུ་དང་བུ་མོའི་གནས་བབས་གཅིག་མཚུངས་ཀྱིས་གསོ་སྐྱོང་བྱེད་དགོས་པ་མ་ཟད། བུས་གང་འཇོན་པ་དེ་བུད་མེད་ཀྱིས་འཇོན་པའི་ལྟ་སྟངས་གཅིག་མཚུངས་ཡོད་དགོས།

མདོར་ན་བཙན་བྱོལ་བོད་མི་ལ་མཚོན་ན་མི་འབོར་མང་པོ་མེད་ནའང་། གང་ཡོད་པ་དེ་ཚད་ལྡན་ཞིག་ཏུ་གསོ་སྐྱོང་བྱེད་དགོས། ད་ལྟའི་ཆར་བུ་ཕྲུག་མང་པོ་ཞིག་ཕྱི་རྒྱལ་དུ་འགྲོ་བཞིན་པ་དང་། ཕྱི་རྒྱལ་དུ་སོང་ནས་ཀྱང་ཤེས་ཡོན་དང་འབྲེལ་བའི་ལས་ཀ་ཡག་པོ་ཞིག་བྱེད་མ་ཐུབ་པར། ཟ་ཁང་གི་གཡོག་ལས་ལྟ་བུ་ལ་མགོ་འཁོར་ན་སློབ་སྦྱོང་བྱས་ཀྱང་ཕན་ཐོགས་གང་ཡང་མ་བྱུང་བ་རེད། ད་ལྟའི་ཆར་བཀའ་ཤག་གི་ངོས་ནས་དཔལ་འབྱོར་འདུ་འགོད་མང་པོ་གནང་ཐུབ་ཀྱི་ཡོད་པས། ན་གཞོན་གསོ་སྐྱོང་ཐོག་ནུས་པ་གཙོ་བོར་འཛིན་དགོས་པ་དང་། ཕ་མ་རྣམས་ཀྱི་ངོས་ནས་ཀྱང་རང་ཉིད་ཀྱི་བུ་ཕྲུག་ཆེད་འགྲོ་སོང་གཏོང་བར་ཕངས་སེམས་བྱེད་མི་རུང་ཞིང་། རེ་ཟུང་གི་ངོས་ནས་བུ་ཕྲུག་ལ་འགྲོ་སོང་གཏོང་དུས་དབུལ་པོ་དང་ནད་པ་ཡིན་ཚུལ་བརྗོད་ནས་ཆག་ཡང་ཅུང་ཙམ་རེ་ལས་མ་བྱུང་ཡང་དེ་རག་ཐབས་བྱེད་པ་ནི། དོན་གྱི་བསམ་བློ་མ་སྨིན་པ་ཉག་གཅིག་ཡིན་པས། བུ་ཕྲུག་ཚད་ལྡན་ཞིག་གསོ་སྐྱོང་ཐུབ་ན་ཕ་མའི་འགན་ཁུར་འགྲུབ་སོང་བ་རེད། ད་ལྟ་འགྲོ་སོང་ཉུང་ངུ་ལས་བཏང་མེད་ཀྱང་བུ་ཕྲུག་མདུན་ལམ་མེད་མཁན་ཆགས་སོང་ན་ཕ་མའི་འགན་ཁུར་མ་འགྲུབ་པ་རེད།།

Share this:
༩༤༠ ཀློག་གྲངས།