བྲག་རི་རིན་པོ་ཆེས་ཉེས་འཛུགས་རྣམས་ལ་གསལ་བཤད་གནང་འདུག

ཉེ་ཆར་བྲག་རི་རིན་པོ་ཆེར་བུད་མེད་གཉིས་ཀྱིས་ཚུལ་མིན་རེག་ཐུག་གི་ཉེས་འཛུགས་བྱས་ཡོད་པས། ཁོང་གིས་ཉེས་འཛུགས་དེ་གཉིས་ལ་གསལ་བཤད་བྱས་ཏེ་ཉེས་པ་གང་ཡང་བྱས་མེད་སྐོར་དང་། དེ་བཞིན་ཁོང་དགའ་ལྡན་ཕོ་བྲང་གི་ལས་བྱེད་མིན་པ་དང་ཡིན་ཚུལ་ཡང་གཏན་ནས་བརྗོད་མྱོང་མེད་སྐོར་གསུངས་འདུག

དེ་ཡང་ཟླ་༥ པའི་ཚེས་༡༢ ཉིན་བྲག་རི་རིན་པོ་ཆེས་སྤེལ་བའི་གསལ་བཤད་ཡི་གེའི་ནང་དུ་“ཕྱི་ལོ་༢༠༡༩ ཟླ་༥ཚེས་༣ ཞོགས་པའི་ཆུ་ཚོད་༦ དང་ཕྱེད་ཀའི་ཐོག ཕྲན་རྒྱ་གར་གྱི་རྒྱལ་ས་ལྡི་ནས་ཀང་ར་བར་གནམ་གྲུའི་ནང་འོང་ལམ་དུ་གནས་ཚུལ་ཞིག་བྱུང་བར་བརྟེན། ས་གནས་གསར་ལམ་ཁག་སོགས་སུ་ དེའི་སྐོར་ལ་གླེང་སློང་འདྲ་མིན་རྒྱ་ཁྱབ་ཏུ་འགྲོ་བཞིན་འདུག་པར། འཛམ་གླིང་ཡུལ་གྲུ་ཁག་ནས་ངོས་ཀྱི་ཆོས་ གྲོགས་རྣམ་པ་སོགས་སྤྱི་སྒེར་ལ་ལྷག་བསམ་ཡོད་མཁན་མང་པོ་ཞིག་གིས་སེམས་འཚབ་ཆེན་པོ་གནང་བཞིན་ཡོད་ འདུག་པས། དེའི་སྐོར་ལ་འདི་ནས་གསལ་བཤད་ཅིག་ཞུ་འདོད་བྱུང་། ༼ ༡ ༽ དངོས་ཡོད་གནས་ཚུལ་ནི། སྐབས་ དེར་གནམ་གྲུའི་ནང་ཕྲན་གྱི་གཡས་ཕྱོགས་སུ་རྒྱ་གར་སྐྱེས་པ་ཞིག་དང་། ངའི་གཡོན་ཕྱོགས་སུ་བུད་མེད་གཉིས་ བསྡད་འདུག།བུད་མེད་དེ་གཉིས་དང་ཕྲན་གྱི་བར་དུ་གནམ་གྲུའི་ལས་བྱེད་པ་སོགས་འགྲོ་ལམ་ཡོད་པས་བུད་ མེད་དེ་ངའི་འཁྲིས་སུ་མེད། གནམ་གྲུ་འཕུར་ནས་གང་ཙམ་གྱི་རྗེས་སུ་ཕྲན་ཡར་ལངས་ཏེ་ཅ་ལག་ཅིག་ངའི་སྟེང་ གི་འཇོག་སྒམ་ནང་དུ་བཞག་རྗེས་མར་སྡོད་སྐབས་སུ་ནམ་རྒྱུན་ངའི་པུས་མོ་བདེ་པོ་མེད་སྟབས་རང་གནས་སུ་ ཐད་ཀར་སྡོད་མ་ཐུབ་པར་ཕར་ཕྱོགས་ཀྱི་བུད་མེད་དེའི་འདུག་སྟེགས་ཟུར་གྱི་ལག་འཛིན་ལ་འཇུས་པས་མོ་རང་ གཉིད་སད་སོང་བར་ཁོང་ཁྲོའི་རྣམ་འགྱུར་དང་བཅས་ཚིག་འགའ་བཤད་འདུག་ཀྱང་ངོས་ཀྱིས་སྐད་མི་གོ་བས་ དོན་ཅི་ཡིན་མ་ཤེས་པར་ཕར་འཛུམ་ཙམ་བྱས་ནས་རང་གནས་སུ་སྡོད་སྐབས་ཀྱང་མུ་མཐུད་ཅིག་བཤད་ཀྱིན་ འདུག་པས། ངས་འདུག་སྟེགས་བརྗེས་ཏེ་རྒྱབ་ཕྱོགས་སུ་བསྡད། གནམ་གྲུ་བབ་རྗེས་ས་གནས་ཉེན་རྟོག་པར་ཕྲན་ གྱིས་མོའི་གཟུགས་པོར་གང་བྱུང་ལག་པ་འཆང་སོང་ཟེར་བ་སོགས་མ་ཉེས་ཁ་ཡོག་བཤད་དེ་ཞུ་གཏུགས་བྱས་པ་རེད། ༼ ༢ ༽ ཉིན་རྗེས་མར་ཧིན་རྡིའི་གསར་ཤོག་ཅིག་གི་ནང་དུ་པར་རྫུན་མ་ཞིག་དང་བཅས་བུད་མེད་དེས་གང་ བཤད་རྣམས་བྲིས་འདུག་པ་མ་ཟད། ངོས་རང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ལས་བྱེད་ཡིན་ཚུལ་འཁོད་འདུག་ཀྱང་། ཕྲན་དགའ་ལྡན་ཕོ་བྲང་གི་ལས་བྱེད་པ་མིན་ལ། ཡིན་ཚུལ་ཀྱང་གཏན་ནས་བརྗོད་མ་མྱོང་བས་དེ་དག་ནི་ བདེན་པ་རྩ་བ་ནས་མ་རེད། ༼ ༣ ༽ དེ་བཞིན་ལོ་མང་སྔོན་དུ་ཨ་ནེ་ཞིག་ལུས་སེམས་ལ་དཀའ་ངལ་བྱུང་སྟེ་ངོས་ སར་ཡོང་ནས་བྱིན་རླབས་ཞུས་པ་ལྟར་བྱབས་ཁྲུས་དང་བཀའ་བསྒོ་བྱས་ཏེ་ལོ་གསུམ་གྱི་རྗེས་སུ། མོས་ང་ལ་དེའི་ སྐོར་གྱི་རྙོག་གླེང་བཤད་པར་བརྟེན་ང་ཚོ་ཕན་ཚུན་དཔང་པོ་མི་སྣ་དྲུག་དང་མཉམ་དུ་སྐད་ཆ་བཤད་དེ་བདེན་པ་ གཙང་སེལ་བྱུང་ཟིན་པ་ལགས་ན། ང་ལ་རྒྱབ་སྐྱོར་གནང་མཁན་རྣམ་པ་དང་། སྐྱོན་འཛུག་མཁན་རྣམ་པ་སུ་ཡིན་ ཀྱང་ཆགས་སྡང་གི་ལས་ངན་མི་གསོག་པར་ཞུ། ངའི་ངོས་ནས་དེ་ལྟར་ངོ་གནོང་དགོས་པའི་ཉེས་པ་གང་ཡང་ བསགས་མེད་ལ། གཞི་མེད་བསྙོན་འཛུགས་དང་མ་ཉེས་ཁ་ཡོག་བརྗོད་མཁན་རྣམས་ལ་འཁོན་འཛིན་དང་རེ་ དོགས་གང་ཡང་མེད་པས། ཁྱེད་ཚོས་ངོས་ནས་དངོས་ཤུགས་བརྒྱུད་གསུམ་གང་ནས་ཀྱང་ཕྲན་ལ་མ་ཉེས་ཁ་ཡོག་ སོགས་ཇི་ལྟར་བཤད་རྒྱུ་དང་བྱེད་རྒྱུ་ཡོད་ན་གནང་རོགས། དེ་ལྟར་བྱས་པ་ལ་བརྟེན་ནས་ཁྱེད་རྣམས་ཀྱི་གནས་ སྐབས་དང་མཐར་ཐུག་གི་འདོད་དོན་ཡོངས་སུ་འགྲུབ་པ་དང། སྡུག་བསྔལ་ནམ་ཡང་མི་འབྱུང་བར་ཤོག །རྟག་ ཏུ་བདེ་བ་འབའ་ཞིག་འབྱུང་བའི་སྨོན་ལམ་ཡོད། བདག་ནི་ལུས་དང་ལོངས་སྤྱོད་དགེ་རྩ་དང་བཅས་པ་སེམས་ ཅན་ཀུན་ལ་ཕན་པའི་ཕྱིར་དུ་ཕུལ་ཟིན་པའི་མི་ཞིག་ཡིན། གྱོང་ཁ་རང་གིས་ལེན་པ་དང་། རྒྱལ་ཁ་གཞན་ལ་སྨིན་ པར་ཤོག །བདག་ལ་ནི་བཟོད་པའི་རྟེན་དགེ་བའི་བཤེས་གཉེན་མཆོག་ཏུ་གྱུར་པ་ཞིག་རྙེད་སོང་བས་ཐུགས་རྗེ་ཆེ་ ཞུ། བྲག་རི་སྤྲུལ་མིང་པས། ༢༠༡༩ ཟླ་ ༥ ཚེས་ ༡༢ ཉིན།”ཅེས་འཁོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༩༡༤ ཀློག་གྲངས།