བལ་ཡུལ་གྱིས་རྒྱ་ནག་ལ་རྒྱབ་སྐྱོར་ཆེད་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བར་འདྲི་ཞིབ།

རྒྱ་ནག་གཞུང་ས་ནས་ཚོང་འབྲེལ་དང་རོགས་དངུལ་སོགས་ཀྱི་ཁེ་ཕན་ཆེན་པོ་ཐོབ་བཞིན་པའི་བལ་ཡུལ་རྒྱལ་ཁབ་ཀྱི་གཞུང་གིས། རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་ད་བར་སྲུང་སྐྱོབ་གང་ཡོང་བྱེད་བཞིན་པ་ལྟར། ཉེ་བའི་ཆར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་མཉམ་ཞུགས་བྱས་ཡོད་པའི་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་གཉིས་ལ། ཞིབ་འཇུག་དང་འདྲི་ཞིབ་བྱེད་བཞིན་ཡོད་ཁར། ཁོང་གཉིས་ཀྱི་བྱེད་སྟངས་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པའི་བརྡ་ལན་གསལ་པོ་སྤྲོད་ཐབས་བྱེད་བཞིན་འདུག

དེ་ཡང་ཟླ་༥ པའི་ཚེས་༨ ནས་༡༠ བར་ ལཱ་ཊི་ཝི་ཡ་རྒྱལ་སར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པ་འཚོགས་ཡོད་པ་དང་། སྐབས་དེར་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་གཉིས་མཉམ་ཞུགས་བྱས་པའི་གནས་ཚུལ་ཐོན་པས། བལ་ཡུལ་གྲོས་ཚོགས་ལས་ཁང་གིས་ཚོགས་ཆེན་དེ་ནི་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་དང་རྒྱབ་འགལ་འགྲོ་ཡི་ཡོད་སྐོར་བརྗོད་ནས། གྲོས་ཚོགས་འཐུས་མི་དེ་གཉིས་ལ་ཞིབ་འཇུག་བྱེད་བཞིན་པའི་གནས་ཚུལ་ཟླ་༥ པའི་ཚེས་༡༤ ཉིན་བལ་ཡུལ་གྱི་གསར་ཤོག་ཁག་ཏུ་ཐོན་ཡོད་པ་རེད། དེ་ཡང་བལ་ཡུལ་གྱི་གྲོས་ཚོགས་ཚོགས་གཙོས་གྲོས་ཚོགས་འཐུས་མི་གཉིས་ཀྱིས་ཆེད་དུ་མངགས་ནས་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ལ་མཉམ་ཞུགས་བྱས་པ་ཡིན་མིན་ར་ཕྲོད་ཡོང་ཆེད་ཞིབ་འཇུག་བྱེད་བཞིན་ཡོད་སྐོར་ཚོགས་གཙོའི་གསར་འགོད་ལམ་སྟོན་པས་བརྗོད་འདུག

བལ་ཡུལ་གྱི་རྒྱལ་ས་ཀ་ཐེ་མན་ཀྲོ་ལ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་གྲོས་ཚོགས་ལས་ཁང་དུ་ཁ་པར་བཏང་ནས། གནད་དོན་དེའི་ཐད་སེམས་འཚབ་ཆེན་པོ་ཡོད་སྐོར་བརྡ་ལན་སྤྲད་འདུག་པ་དང་། ཟླ་༥ པའི་ཚེས་༡༤ ཉིན་བལ་ཡུལ་ཕྱི་འབྲེལ་ལས་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་ནས། གྲོས་ཚོགས་འཐུས་མི་དེ་གཉིས་ཀྱི་སྐོར་བསྐྱོད་སྐོར་སྔོན་ཚུད་ནས་ཤེས་རྟོགས་མེད་པ་དང་། བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་འགྱུར་གྱི་སྲིད་བྱུས་ལ་མུ་མཐུད་ནས་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱི་ཡོད་ཁར། བལ་ཡུལ་ནང་དུ་སྲིད་བྱུས་དེ་ལ་རྒྱབ་འགལ་འགྲོ་བའི་བྱ་སྤྱོད་གང་ཡང་སྤེལ་བཅུག་གི་མེད་སྐོར་བརྗོད་འདུག

བལ་ཡུལ་གྱི་གྲོས་ཚོགས་ལས་ཁང་དང་མཉམ་དུ་གྲོས་ཚོགས་འཐུས་མི་དེ་གཉིས་ཀྱི་སྲིད་དོན་ཚོགས་པ་སོ་སོ་ནས་ཀྱང་། གནད་དོན་དེའི་ཐད་ཞིབ་འཇུག་བྱེད་འགོ་བཙུགས་འདུག གྲོས་ཚོགས་འཐུས་མི་དེ་གཉིས་ཀྱིས་སོ་སོའི་སྲིད་དོན་ཚོགས་པར་སྐོར་བསྐྱོད་དེའི་སྐོར་སྒྲིག་འཛུགས་ལྟར་སྙན་སེང་ཞུས་མེད་འདུག

རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དུ་མཉམ་ཞུགས་བྱེད་མཁན་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་པཱེ་ར་དྷེབ་ཡཱ་ཌཝེ་(Pradip Yadav)ཡིས། བལ་ཡུལ་གྱི་གསར་ཁང་ཀ་ཐེ་མན་ཀྲོ་གསར་འཕྲིན་ལ་ཟླ་༥ པའི་ཚེས་༡༤ ཉིན་ཚོགས་ཆེན་གོ་སྒྲིག་པས་ཁོ་གཉིས་ལ་མགོ་སྐོར་བཏང་ཡོད་ཚུལ་བརྗོད་ནས། “གོ་སྒྲིག་པས་ཚོགས་ཆེན་དེ་ནི་གྲོས་ཚོགས་འཐུས་མིའི་ཚོགས་ཆེན་ཞིག་ཡིན་སྐོར་བརྗོད་སོང་ཡང་། དེ་འདྲ་ཞིག་རེད་མི་འདུག ཚོགས་ཆེན་འགོ་འཛུགས་བྱས་སྐབས་ང་གཉིས་ཧང་སངས་བྱུང་བས། ལམ་སེང་ཚོགས་ཁང་ནས་ཕྱིར་ཐོན་པ་ཡིན་”ཞེས་བརྗོད་འདུག དེ་བཞིན་གྲོས་ཚོགས་འཐུས་མི་ཨེག་བྷལ་མཱི་ཡ་(Iqbal Miya)ཡིས་གསར་ཁང་དེར་ཐོག་མར་ཚོགས་ཆེན་དེར་མཉམ་ཞུགས་བྱས་མེད་ཁར་སུད་སི་ལ་ཕྱིན་ཡོད་སྐོར་བརྗོད་ཀྱང་། གསར་ཁང་དེས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་མཉམ་ཞུགས་བྱས་ཡོད་པའི་གནས་ཚུལ་སྐོར་བརྗོད་སྐབས། ཁོང་གིས་ཁས་ལེན་བྱས་ནས། ཚོགས་ཆེན་དེ་ག་རེའི་སྐོར་ཡིན་པ་ཤེས་རྟོགས་གང་ཡང་མེད་པས། སྐད་ཆ་གང་ཡང་བཤད་མེད་སྐོར་བརྗོད་པ་དང་། གྲོས་ཚོགས་འཐུས་མི་ཁོང་གཉིས་ཀྱིས་སྐད་ཆ་རྒྱབ་འགལ་ཕྱིན་ཡོད་པ་གསལ་པོ་རེད་འདུག གཅིག་གིས་ཚོགས་ཆེན་འགོ་བཙུགས་པ་མ་ཐག་ལམ་སེང་ཕྱིར་ཐོན་པ་ཡིན་སྐོར་བརྗོད་འདུག་ཀྱང་། གཞན་ཞིག་གིས་ཚོགས་ཆེན་དེའི་སྐོར་ཤེས་རྟོགས་གང་ཡང་མེད་པས་སྐད་ཆ་གང་ཡང་བཤད་མེད་སྐོར་བརྗོད་པ་ལས། ལམ་སེང་ཕྱིར་ཐོན་པའི་སྐོར་གང་ཡང་བརྗོད་མེད་འདུག དེ་བཞིན་གྲོས་ཚོགས་ལས་ཁང་གི་ཟུང་དྲུང་གིས་གྲོས་ཚོགས་འཐུས་མི་དེ་གཉིས་ཀྱིས་ལཱ་ཊི་ཝི་ཡར་སྒེར་གྱི་རྒྱུ་མཚན་བྱས་ནས་འགྲོ་ཡི་ཡོད་པ་ལས། གཞན་ཞིབ་ཕྲའི་འགྲེལ་བརྗོད་གང་ཡང་བྱས་མེད་སྐོར་བརྗོད་འདུག

བོད་མིའི་སྒྲིག་འཛུགས་ཀྱིས་བརྗོད་པར་ལྟར་ན། ཚོགས་ཆེན་དེར་ཨོ་སི་ཀྲོ་ལི་ཡ་དང་ནིའུ་ཛེ་ལན་ཌ། ཧྥ་རན་སི། རཱོ་མེ་ནི་ཡ། ཁེ་ན་ཌ། ཅེག་སྤྱི་མཐུན་རྒྱལ་ཁབ། ལཱི་ཐུ་ནི་ཡ། རྒྱ་གར། བལ་ཡུལ། ཆཱི་ལི། ལཱ་ཊི་ཝི་ཡ། དབྱིན་ཡུལ། སཱི་ཁོ་ཊ་ལན་ཌ་བཅས་ནས་གྲོས་ཚོགས་འཐུས་མི་༢༥ ཚུད་པའི་མཉམ་ཞུགས་པ་༡༠༠ ལས་མང་བ་བྱུང་ཡོད་སྐོར་བསྒྲགས་འདུག

དེ་བཞིན་ཉེ་ཆར་བལ་ཡུལ་གཞུང་གི་གསར་འགྱུར་ལས་ཁང་ཞིག་གི་གསར་འགོད་པ་གསུམ་གྱིས། ༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་དྲག་སྐྱེས་བྱུང་ནས་དྷ་སར་ཆིབས་བསྒྱུར་བསྐྱངས་བའི་གནས་ཚུལ་ཞིག་སྤེལ་བར་བརྟེན། ཁོང་གསུམ་ལ་འདྲི་ཞིབ་དང་བྱེད་སྟངས་དེས་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་དང་རྒྱབ་འགལ་སོང་ཡོད་པའི་སྐྱོན་བརྗོད་ཀྱང་བྱས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Share this:
༡༠༩༦ ཀློག་གྲངས།