ཞི་ཅིན་ཕིང་གིས་༧གོང་ས་མཆོག་ལ་མཇལ་འཕྲད་བྱེད་རྩིས་བྱས་ཀྱང་རྒྱ་གར་གྱིས་ཐེ་བྱུས་བྱས་ཡོད་འདུག

ཉེ་ཆར་རྒྱ་གར་གྱི་གསར་ཁང་ཆེ་གྲས་ཤིག་གི་རྩོམ་སྒྲིག་པས་བྲིས་པའི་དེབ་གཅིག་གི་ནང་ནས། ཕྱི་ལོ་༢༠༡༤ ལོར་ཞི་ཅིན་ཕིང་གིས་༧གོང་ས་མཆོག་དང་ཐུག་འཕྲད་བྱེད་རྒྱུ་མོས་མཐུན་བྱས་ཡོད་ཀྱང་། རྒྱ་གར་གྱིས་དོགས་ཟོན་ཆེན་པོ་བྱས་ཡོད་པར་བརྟེན་ཐུག་འཕྲད་བྱེད་ཐུབ་མེད་པའི་གནས་ཚུལ་ཐོན་འདུག

ཟླ་༥ པའི་ཚེས་༡༥ ཉིན་རྒྱ་གར་གྱི་གསར་ཁང་ཨན་ཌི་ཀྲི་ཝི་(NDTV) དྲ་ཐོག་ཏུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན། གསར་ཁང་དེའི་རྩོམ་སྒྲིག་པ་བུད་མེད་སཱོ་ནི་ཡ་སིང་(Sonia Singh) གིས་བྲིས་ནས་ཉེ་བའི་ཆར་པར་སྐྲུན་བྱས་པའི་དཔེ་དེབ་ཁོ་ཚོའི་མཐོང་ཚུལ་ལས་རྒྱ་གར་འགྲེལ་བཤད་རྒྱག་པ་(Defining India Through Their Eyes) ཞེས་པའི་དེབ་ནང་དུ། རྒྱ་གར་གྱི་ཤེས་ཡོན་པ་དང་གནད་ཡོད་མི་སྣ་ཁག་ཅིག་ལ་རྒྱ་གར་ལ་མཐོང་ཚུལ་སྐོར་གྱི་བཅར་འདྲི་ཕྱོགས་བསྒྲིགས་བྱས་ཡོད་འདུག་པ་དང་། དེའི་ནང་༧གོང་ས་མཆོག་ལ་ཡང་བཅར་འདྲི་ཞུས་ཡོད་འདུག

བཅར་འདྲིའི་ནང་དུ་༧གོང་ས་མཆོག་དང་རྩོམ་པ་པོ་གཉིས་རྒྱ་གར་གྱི་སྲིད་བློན་རྣམ་པ་དང་། རྒྱ་དཀར་ནག་གཉིས་བར་གྱི་འབྲེལ་ལམ་དང་དེའི་བར་གྱི་བོད་དོན་སྐོར་བཀའ་མོལ་གནང་བཞིན་པའི་སྐབས་སུ། ༧གོང་ས་མཆོག་གིས་ “ཕྱི་ལོ་༢༠༡༤ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར། རྒྱ་གར་གྱི་སྲིད་བློན་མཱོ་དྷི་དང་མཇལ་འཕྲད་ཆེད་དུ་སླེབས་ཡོད་པ་དང་། སྐབས་དེར་ངོས་ཀྱིས་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་བྱ་རྒྱུའི་རེ་སྐུལ་ཞུས་པས། ཞི་ཅིན་ཕིང་གིས་མོས་མཐུན་བྱས་སོང་། འོན་ཀྱང་རྒྱ་གར་གཞུང་གིས་ཐུག་འཕྲད་དེའི་ཐོག་དོགས་ཟོན་བྱེད་ཀྱི་འདུག་པས། ཐུག་འཕྲད་དེ་དངོས་སུ་བྱུང་མ་སོང་”ཞེས་གསུངས་ཡོད་པའི་གནས་ཚུལ་སྤེལ་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༧༥༨༣ ཀློག་གྲངས།