ཐའེ་ཝན་གྲོས་ཚོགས་ཀྱིས་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་བཟོས་འདུག

རྒྱུན་རིང་ནས་ཐའེ་ཝན་ནང་གི་མཚན་མཐུན་དགའ་རོགས་བྱེད་མཁན་དང་དེ་དག་གི་ཐོབ་ཐོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས། རྒྱལ་ཁབ་དེའི་ནང་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་བཟོ་བའི་ཤུགས་སྣོན་མང་པོ་བརྒྱབ་ཡོད་པས། ཐེངས་འདིར་གྲོས་ཚོགས་ནས་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་བཟོས་ནས། ཨེ་ཤི་ཡའི་ནང་དེ་ལྟར་བྱེད་མཁན་རྒྱལ་ཁབ་དང་པོ་དེ་ཆགས་ཡོད་འདུག

ཟླ་༥ པའི་ཚེས་༡༧ ཉིན་ཐའེ་ཝན་གྲོས་ཚོགས་ནང་དུ། མཚན་མཐུན་གཉེན་སྒྲིག་དང་འབྲེལ་བའི་ཁྲིམས་འཆར་གསུམ་གྱི་ཐོག་ལ་བགྲོ་གླེང་བྱས་ཏེ་འོས་བསྡུ་བྱས་འདུག་པ་དང་། དེ་ཡང་ཐའེ་ཝན་གཞུང་གིས་བཏོན་པའི་ཁྲིམས་འཆར་ནང་དུ་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་བཟོ་རྒྱུ་དང་། གཉེན་སྒྲིག་དེ་ཡང་ཕོ་མོ་གཉིས་ཀྱི་གཉེན་སྒྲིག་ལྟར་ཐོབ་ཐང་གཅིག་མཚུངས་ཡོད་པ། དེ་བཞིན་མཚན་མཐུན་གཉེན་སྒྲིག་བྱེད་མཁན་རྣམས་ལ་གསོས་ཕྲུག་ཉར་བའི་ཐོབ་ཐང་ཚད་བཀག་བཟོ་རྒྱུ་བྱས་ཡོད་པ་དེར། གྲོས་ཚོགས་ནང་རྒྱབ་སྐྱོར་བྱེད་མཁན་༦༦ དང་དགག་བྱ་བྱེད་མཁན་༢༧ བྱུང་ནས་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་འདུག དེ་ཡང་ཐའེ་ཝན་ཕྱོགས་འགལ་ཚོགས་པ་དང་རྙེང་ཞེན་རིང་ལུགས་པའི་གྲོས་ཚོགས་འཐུས་མི་ཚོས་ཁྲིམས་འཆར་གཉིས་བཏོན་པའི་ནང་དུ། མཚན་མཐུན་གཉེན་སྒྲིག་ཟེར་བའི་ཚིག་དེ་བེད་སྤྱོད་མ་བཏང་བར། མཚན་མཐུན་ཁྱིམ་གྱི་འབྲེལ་བ་དང་མཚན་མཐུན་ཟུང་སྦྲེལ་བཅས་བེད་སྤྱོད་བྱས་ཡོད་འདུག

ཁྲིམས་འཆར་དེར་ཐའེ་ཝན་སྲིད་འཛིན་ལྕམ་ཚེ་དབྱིང་ཝན་གྱིས་མིང་རྟགས་བཀོད་རྗེས་ཁྲིམས་སུ་གཏན་འབེབས་བྱས་ཏེ་ནུས་ཡོད་ཆགས་རྒྱུ་ཡིན་འདུག་པ་དང་། སྲིད་འཛིན་ཁོང་ཡང་མཚན་མཐུན་གཉེན་སྒྲིག་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་འདུག གྲོས་ཚོགས་ནང་དུ་གནད་དོན་དེའི་ཐོག་འོས་བསྡུ་མ་བྱས་པའི་སྔོན་དུ། ཁོང་གིས་ངོ་དེབ་ཐོག་ཏུ་གནད་དོན་དེ་ལ་བརྟེན་ནས་མི་རབས་མི་འདྲ་བའི་བར་དང་། ནང་མིའི་བར། དེ་བཞིན་ཆོོས་སྡེ་ཁག་གི་ནང་དུ་འགལ་ཟླ་བྱུང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ཐེངས་འདིར་ཐའེ་ཝན་ལ་ལོ་རྒྱུས་གསར་པ་ཞིག་བཟོས་ནས། འཛམ་གླིང་ནང་ཡར་ཐོན་གྱི་རིན་ཐང་ལྟ་བ་ཤར་ཨེ་ཤི་ཡའི་སྤྱི་ཚོགས་ནང་རྩ་བ་འཛུགས་ཐུབ་ཀྱི་ཡོད་པ་སྟོན་རྒྱུའི་གོ་སྐབས་ཡོད་སྐོར་བརྗོད་འདུག

དེ་ཡང་ཕྱི་ལོ་༢༠༡༧ ལོའི་ཟླ་༥ པའི་ཚེས་༢༤ ཉིན་ཐའེ་ཝན་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་༡༤ ཡོད་པའི་ལྷན་ཚོགས་ཀྱིས། མཚན་མཐུན་བར་གྱི་གཉེན་སྒྲིག་བཀག་སྡོམ་དེ་ནི། རྩ་ཁྲིམས་དང་མ་མཐུན་པ་ཡིན་སྐོར་བརྗོད་ནས། རྒྱལ་ཁབ་དེའི་ནང་མཚན་མཐུན་གཉེན་སྒྲིག་བྱེད་ཆོག་པའི་ཐག་གཅོད་བྱས་ནས། ལོ་གཉིས་ནང་ཚུད་དུ་གྲོས་ཚོགས་ཀྱིས་མཚན་མཐུན་གཉེན་སྒྲིག་བཀག་སྡོམ་ཁྲིམས་དེ་བསྐྱར་བཅོས་བྱེད་དགོས་པ་དང་། དེ་ལྟར་མ་བྱས་ཚེ་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་རང་བཞིན་གྱིས་བཟོ་རྒྱུ་ཡིན་པའི་བཀའ་བཏང་ཡོད་འདུག

ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ཁོངས་ནས། ཐའེ་ཝན་ནི་མཚན་མཐུན་དགའ་རོགས་བྱེད་མཁན་རྣམས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱི་འགོ་ཁྲིད་གཅིག་ཡིན་པ་དང་། ད་ལྟའི་ཆར་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་བཟོ་མཁན་རྒྱལ་ཁབ་གཅིག་པུ་དེ་རེད་འདུག ཝི་ཏི་ནམ་གྱིས་ཕྱི་ལོ་༢༠༡༥ ལོར་མཚན་མཐུན་གཉེན་སྒྲིག་རྟེན་འབྲེལ་བྱེད་པ་དེ་ཁྲིམས་འགལ་མིན་པ་བཟོས་ཡོད་ཀྱང་། མཚན་མཐུན་གཉེན་སྒྲིག་དེ་ཕོ་མོའི་གཉེན་སྒྲིག་ལྟར་ངོས་འཛིན་ཆ་ཚང་སྤྲད་མེད་འདུག རྒྱ་ནག་ནང་དུ་ད་དུང་ཡང་མཚན་མཐུན་གཉེན་སྒྲིག་ཁྲིམས་འགལ་ཡིན་ཡང་། མཚན་མཐུན་དགའ་རོགས་བྱེད་པ་དེ་ཕྱི་ལོ་༡༩༩༧ ལོར་ཁྲིམས་འགལ་མིན་པ་བཟོས་ནས། ལོ་གསུམ་གྱི་རྗེས་སུ་སེམས་ཁམས་ནད་པའི་ཐོ་ཁུངས་ནས་ཕྱིར་བཏོན་ཡོད་འདུག

དེ་བཞིན་ཕྱི་ལོ་༢༠༡༨ ལོའི་ཟླ་༩ པའི་ནང་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས། མཚན་མཐུན་འཁྲིག་སྤྱོད་དེ་ཁྲིམས་འགལ་མིན་པའི་ཐག་གཅོད་བྱས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༣༩༡ ཀློག་གྲངས།