རང་སྲེག་རྒྱ་རྒོལ་བྱེད་མཁན་གསུམ་གྱི་པར་གསར་དུ་ལག་སོན་བྱུང་འདུག

རྒྱ་ནག་གི་བོད་དབང་བསྒྱུར་ལ་ངོ་རྒོལ་ཆེད་རང་སྲེག་གཏོང་མཁན་བོད་ཕྱི་ནང་གཉིས་ནས་བོད་མི་ཤེས་རྟོགས་བྱུང་བ་༡༦༠ ལྷག་བྱུང་ཡོད་པ་དང་། རྒྱ་ནག་གཞུང་གིས་དམ་དྲག་འོག་གནས་ཚུལ་གསལ་པོ་མ་རྙེད་པ་དང་། པར་མ་རག་པ་སོགས་ཀྱི་ནང་ནས་༢༠༡༢ ལོར་རང་སྲེག་རྒྱ་རྒོལ་མཁན་གསུམ་གྱི་པར་གསར་དུ་རྙེད་ནས། འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་༢༠༡༩ ལོའི་ཕྱི་ཟླ་༥ ཚེས་༢༡ ཉིན་ སྤེལ་ཡོད་པ་རེད།

དེ་ཡང་༢༠༡༢ ལོའི་ཕྱི་ཟླ་༣ པའི་ཚེས་༥ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚོད་༦།༣༠ ཙམ་ལ། རྔ་པ་རྫོང་གཅའ་ཞང་གཅའ་རུ་བའི་གཤོག་སྨད་མའི་རྡོ་རྗེས་རྒྱ་ནག་གཞུང་ལ་རང་ལུས་མེར་བསྲེག་གིས་ངོ་རྒོལ་བྱས་ཏེ། སྐུ་གྲོངས་ཡོད་པ་རེད།

ཁོང་སྐབས་དེར་རང་ལོ་༡༨ ཡིན་པ་དང་། ཕ་མིང་ལ་ཅཱ་ཅཱ་ཟེར་གྱི་ཡོད་འདུག སྐད་འབོད་བྱེད་བཞིན་གཅའ་ཞང་ཐོག་དང་ཐག་ཉེ་བའི་ཟམ་ཁ་ཞིག་ནས་གཅའ་ཞང་ཐོག་གི་རྒྱ་མིའི་ལས་ཁུངས་ཡོད་ས་བར་གོམ་བགྲོད་བྱས་ཡོད་འདུག གནས་ཚུལ་འགྲེལ་བརྗོད་པས་བཤད་པ་ལྟར་ན། དུས་ཐོག་རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་སླེབས་མེད་པས། ས་གནས་ཀྱི་བོད་མི་རྣམས་ཀྱིས་མེ་མ་བསད་པར་འབར་བཅུག་ཡོད་སྟབས་སྐབས་ཐོག་དེར་སྐུ་གྲོངས་པ་དང་། བོད་མི་རྣམས་ཀྱིས་ཕུང་པོ་ལ་བདག་པོ་རྒྱག་སྐབས། ཉེན་རྟོག་པ་སླེབས་ཏེ་ཕུང་པོ་བཙན་འཕྲོག་གིས་རྔ་པ་རྫོང་ཐོག་ཏུ་ཁྱེར་ཡོད་འདུག

ཕྱི་ལོ་༢༠༡༢ ལོའི་ཕྱི་ཟླ་༣ ཚེས་༢༨ ཉིན་མདོ་སྨད་རྔ་པ་རྫོང་གཅའ་ཞང་དུ་གྲྭ་ཤེས་རབ་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ཡོད་པ་རེད།

གྲྭ་ཤེས་རབ་ཀྱིས་རྔ་པ་གཅའ་ཞང་ཐོག་གི་གཞུང་ལམ་ནས་རང་ལུས་མེར་བསྲེག་བཏང་སྟེ། རྒྱ་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་བྱས་པས། བོད་མི་ཚོས་ཁོང་གི་ཕུང་པོ་འཁྱེར་རྩིས་བྱས་སྐབས། རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་སོགས་སླེབས་ནས་བཙན་འཕྲོག་བྱས་འདུག་པར། མི་མང་གིས་ཕུང་པོ་ནང་མིར་སྤྲོད་དགོས་པའི་རེ་འདུན་ཡང་ཡང་བཏོན་ཀྱང་ཉན་འཇོག་མ་བྱས་པར་བཙན་ཁྱེར་བྱས་འདུག

གྲྭ་ཤེས་རབ་ནི་དགོང་ལོ་དགུ་ཙམ་ནས་རྭ་རུ་བའི་དགོན་པ་དགེ་ལྡན་བསྟན་འཕེལ་གླིང་དུ་ཆོས་ཞུགས་བྱས་ཏེ་དགོན་པ་དེའི་གྲྭ་པ་ཡིན་ཞིང་། སྐབས་དེར་རང་ལོ་༢༠ ཡིན་འདུག  ཕ་མིང་ལ་བསོད་དོན། མ་མིང་ལ་ཉི་མ་ཟེར་གྱི་ཡོད་པ་རེད།  རྔ་པ་ཀིརྟི་དགོན་དུ་མཚན་ཉིད་སློབ་གཉེར་བྱེད་དུ་སོང་ཡོད་འདུག །

༢༠༡༢ ལོའི་ཕྱི་ཟླ་༨ ཚེས་༢༧ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་༨།༣༠ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་མཁར་དུ་ཡོད་པའི་ཀིརྟི་དགོན་པའི་ཤར་ཕྱོགས་ཀྱི་སྒོ་ཆེན་འགྲམ་ནས། རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་དང་། རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་དམ་ཆོས།(མི་སྐྱ་) གཉིས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། གཉིས་ཀ་སྐུ་གྲོངས་ཡོད་འདུག

སྐབས་དེར་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་རང་ལོ་༡༨ ཙམ་ཡིན་པ་དང་། རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་(མི་སྐྱ་)དམ་ཆོས་རང་ལོ་༡༧ ཙམ་ཡིན་འདུག ཁོང་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མི་རིགས་རྩ་མེད་དུ་གཏོང་རྒྱུའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་ཡོད་འདུག རྒྱ་ནག་གཞུང་གི་ཉེན་རྟོག་པ་སླེབས་ཏེ་ཁོང་གཉིས་ཀྱི་ལུས་ལ་ཡོད་པའི་མེ་བསད་ནས་རྔ་པའི་སྨན་ཁང་དུ་ཅུང་ཙམ་རིང་བཞག་རྗེས་འབར་ཁམས་ལ་ཁྲིད་ཡོད་འདུག དགོང་མོ་ཤེས་རྟོགས་བྱུང་བར་ཁོང་གཉིས་ཀ་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁོང་གཉིས་ཀྱི་སྐུ་ཕུང་འབར་ཁམས་ལ་ཁྱེར་ཡོད་ཅིང་ནང་མིར་སྤྲད་ཡོད་མེད་ཤེས་རྟོགས་ཐུབ་མེད།
རང་ལུས་མེར་སྲེག་མཁན་གཅའ་ཞང་རྭ་རུ་བའི་དམ་ཆོས་ཀྱི་ཕ་མིང་ལ་མདོ་ཤིས་བློ་བྷེ་དང་། མ་མིང་ལ་ཚེ་པོ་ཟེར་གྱི་ཡོད་པ་དང་། ཕ་མ་གཉིས་ཁ་ཁ་བྱས་ཏེ་ཁོང་ཨ་མ་དང་མཉམ་དུ་ཡོད་ཅིང་། ཤུལ་དུ་ཨ་མ་གཅིག་པུ་ལས་ནང་མི་གཞན་མེད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༤༨༢ ཀློག་གྲངས།