འདི་ཡང་རྒྱ་ནག་གཞུང་གི་གཡོ་སྒྱུ་རེད།

ཉེ་ཆར་ཕྱི་ཟླ་༥ ཚེས་༡༥ ཉིན་རྒྱ་གར་གྱི་བརྙན་འཕྲིན་བརྒྱུད་ལམ་ཆེ་གྲས་NDTV གསར་ཁང་གི་དྲྭ་གནས་ཐོག་གསར་ཁང་གི་རྩོམ་སྒྲིག་འགན་འཛིན་སཱོ་ནི་ཡ་སིངྒ་(Sonia Singh)གིས་བརྩམས་པའི་དཔེ་དེབ་གསར་པ་<<Defining India: Through Their Eyes>>ཞེས་པའི་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པ་སཱོ་ནི་ཡ་སིངྒ་གིས་བཅར་འདྲི་ཞུས་པའི་ལན་དུ། “ཕྱི་ལོ་༢༠༡༤ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་དུ་གཞུང་འབྲེལ་འཚམས་གཟིགས་ཕེབས་སྐབས་སྲིད་འཛིན་ཞི་ཅིན་ཕིན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་རྒྱ་གར་ནང་མཇལ་འཕྲད་ཞུ་རྒྱུར་མོས་མཐུན་གནང་ཡོད་ཀྱང་། རྒྱ་གར་གཞུང་གིས་དེར་དོགས་ཟོན་གནང་སྟབས་ཕྱོགས་གཉིས་དབར་གྱི་མཇལ་འཕྲད་གནང་ཐུབ་མེད་”ཅེས་བཀའ་ལན་བསྩལ་སྐོར་བཀོད་པའི་གནས་ཚུལ་ཐོན་པ་དང་། དེའི་སྐོར་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་དང་། བོད་རྒྱའི་ཆབ་སྲིད་ཀྱི་འབྲེལ་ལམ་ཐོག་རྒྱ་གར་གཞུང་གི་གཟིགས་ཕྱོགས་སོགས་ལ་ཕྱོགས་ཡོངས་ནས་ལྟ་ཚུལ་འདྲ་མིན་མང་པོ་ཡོང་གི་ཡོད་པ་རེད།

སྤྱིར་བོད་རྒྱའི་གནད་དོན་ཐག་གཅོད་ཡོང་བར་༧གོང་ས་མཆོག་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་མཇལ་འཕྲད་ཅིག་གནང་ཐུབ་ན། བཟང་ངན་ཕྱོགས་གང་ཐད་ནས་ཤི་ཐག་གསོན་ཐག་ཆོད་པ་ཞིག་ཡོང་བར་རེ་བ་དེ་ལས་ཆེ་བ་རྒྱག་ཡུལ་གཏན་ནས་མེད། ༧གོང་ས་མཆོག་གིས་བོད་རྒྱའི་གནད་དོན་ཐོག་མཐར་ཐུག་གི་ཐག་གཅོད་ཅིག་གནང་བ་ཡིན་ན་བོད་གཞིས་བྱེས་གཉིས་ནས་འདོད་པ་ཆ་ཚང་མ་ཁེངས་པའི་བསམ་ཚུལ་ཡོད་མཁན་རེ་ཟུང་ཙམ་ཡོད་སྲིད་པ་ལས། དོན་གྱིས་མོས་མཐུན་མི་བྱེད་མཁན་ཞིག་གཏན་ནས་མེད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་བོད་ཀྱི་གནད་དོན་ལ་ཐག་གཅོད་ཅིག་བྱས་པའི་དབང་དུ་བཏང་ན། རྒྱ་ནག་གི་དཔོན་རིགས་ཀྱི་ནང་འདོད་པ་མི་མཐུན་པ་རེ་ཟུང་ཡོད་སྲིད་པ་མ་ཟད། བོད་རིགས་ཡིན་པ་རྒྱ་གཞུང་གི་འགོ་ཁྲིད་པའི་མིང་ཁུར་མཁན་ནང་མོས་མཐུན་མི་བྱེད་མཁན་རེ་ཟུང་ཡོད་སྲིད་ཀྱང་། ཞི་ཅིན་ཕིན་གྱིས་བོད་དོན་ཐད་མཐར་ཐུག་གི་ཐག་གཅོད་ནན་པོ་ཞིག་བྱས་སོང་ན་དེ་ལ་ད་ལྟའི་ཆར་མངོན་གསལ་གྱིས་མོས་མཐུན་མི་བྱེད་མཁན་ཕལ་ཆེན་དཀོན་པོ་རེད།

མཇལ་འཕྲད་དེ་ལྟ་བུ་ཞིག་ཡོང་སྲིད་པའི་དབང་དུ་བཏང་ན་བོད་རྒྱའི་ཆབ་སྲིད་ཀྱི་གལ་གནད་ཧ་ཅང་ཆེན་པོ་ཞིག་ཏུ་གྱུར་ཡོད། འོན་ཀྱང་གནས་ཚུལ་འདི་ཉིད་དངོས་ཡོད་ཡིན་མིན་དེ་ཁ་ཚོན་བཅད་ནས་བཤད་དཀའ་ཡང་། ཞི་ཅིན་ཕིན་ལ་༧གོང་ས་མཆོག་མཇལ་འཕྲད་ཞུ་འདོད་ཡོད་ན། རྒྱ་གར་ཙམ་མ་ཡིན་པར་ཞི་ཅིན་ཕིན་འཛམ་གླིང་གི་ས་ཕྱོགས་གང་སར་བསྐྱོད་བཞིན་ཡོད་པས། རྒྱལ་ཁབ་གཞན་ཞིག་ཏུ་མཇལ་འཕྲད་གནང་ཡང་མི་འགྲིག་པ་མེད། འོན་ཀྱང་གནད་དོན་འདི་རྒྱ་གར་གཞུང་གིས་བར་ཆད་བཏང་བ་ཙམ་མིན་པར། ཞི་ཁོ་རང་ལ་མཇལ་འཕྲད་ཞུ་རྒྱུའི་འཆར་གཞི་མེད་པ་གསལ་པོ་རེད། གལ་སྲིད་ཞི་ཅིན་ཕིང་ལ་འཆར་གཞི་དང་ཆོད་སེམས་དེ་འདྲ་ཞིག་ཡོད་ན་དུས་རྒྱུན་རྒྱ་གཞུང་ནི་རྒྱ་གར་གཞུང་ལྟ་ཅི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁ་ལའང་ཉན་གྱི་མེད་སྟབས་རྒྱ་གར་ལ་དེ་ལྟ་བུའི་བསྟུན་མཁས་ཤིག་བྱེད་མི་སྲིད་པ་རེད། འོན་ཀྱང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་གནས་ཚུལ་དེ་ནི་གཞི་རྩ་མེད་པ་ཞིག་རེད་ཅེས་རྒྱལ་སྤྱིའི་གསར་ཁང་ཆེ་གྲས་ཤིག་ལ་བརྗོད་འདུག་པས། འདི་ཡང་རྒྱ་ནག་གཞུང་གི་གཡོ་སྒྱུ་ཞིག་རེད་སྙམ།

༧གོང་ས་མཆོག་དང་། ཞི་ཅིན་ཕིན་མཇལ་འཕྲད་གནང་འཆར་གྱི་གནས་ཚུལ་དེ་ལྟ་བུ་ཞིག་ད་ལྟ་དར་ཁྱབ་འགྲོ་བཞིན་པ་དེ་དངོས་བདེན་ཡིན་པའི་དབང་དུ་བཏང་ན། རྒྱ་གར་གཞུང་གིས་དེ་ལ་མོས་མཐུན་རྒྱབ་སྐྱོར་ཡོད་མེད་ནི། རྒྱ་གར་གཞུང་གི་ངོས་ནས་རང་ཉིད་ཀྱི་རྒྱལ་ཁབ་ལ་ཁེ་ཕན་དང་གནོད་སྐྱོན་གང་ཡོད་ལ་ཐུག་ཡོད་པ་དང་། བོད་པར་རྒྱབ་སྐྱོར་གྱི་ངོས་ནས་བཤད་ན་དོན་དངོས་སུ་རྒྱ་གར་གཞུང་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་མེད་ཁོ་ན་ལ་ཐུག་ཡོད། དང་པོ་ནི་རྒྱལ་ཁབ་སོ་སོའི་ཁེ་ཕན་གལ་ཆེ་ཤོས་སུ་བརྩི་དགོས་པ་དེ་སྤྱི་ཡོངས་མི་སྡེའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་འགྲོ་སྟངས་ཡིན་པ་དང་། གཉིས་པ་དབུ་མའི་ལམ་བརྒྱུད་ནས་བོད་དོན་ཐག་གཅོད་ཡོང་སྲིད་པའི་དབང་དུ་བཏང་ན་རྒྱ་གར་གཞུང་དམངས་གཉིས་ལ་ཕན་ཐོགས་ཡོད་མེད་དང་འབྲེལ་ནས་བསྡོམས་རྒྱག་དགོས་པ་ཞིག་ཡིན། གལ་སྲིད་ཕྱི་ལོ་༢༠༡༤ ལོར་མཇལ་འཕྲད་ལ་རྒྱ་གར་གཞུང་གིས་མོས་མཐུན་གནང་མེད་པ་དངོས་ཡོད་ཡིན་པའི་དབང་དུ་བཏང་ན། རྒྱ་གར་གཞུང་གིས་དབུ་མའི་ལམ་ལ་ཁ་ཙམ་ལས་དོན་གྱིས་རྒྱབ་སྐྱོར་མེད་པ་དེ་ཧ་ཅང་གསལ་པོར་གྱུར་ཟིན་པ་རེད།

མདོར་ན་བོད་དོན་ཐག་གཅོད་བྱེད་པའི་དབང་ཆ་ནི་ཞི་ཅིན་ཕིན་ལ་ཡོད་ནའང་། ང་ཚོའི་དགོས་འདུན་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་འཁོད་པའི་མི་རིགས་ས་གནས་རང་སྐྱོང་དེ་རྒྱ་གཞུང་གིས་ཁས་ལེན་མིན་དང་། ཁ་དན་ཚིག་ལ་གནས་མིན་ལ་ཐུག་ཡོད། བོད་པ་རང་ངོས་ནས་བཤད་ན་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་རྒྱ་གཞུང་གིས་ལག་བསྟར་མ་བྱས་པ་དང་། རྒྱལ་སྤྱིའི་ངོས་ནས་བཤད་ན་རྒྱ་གཞུང་གིས་གནད་དོན་མང་པོ་ཞིག་ཁ་དན་ཚིག་ལ་མ་གནས་པའི་གནས་ཚུལ་ད་ཆ་ཡོངས་གྲགས་སུ་གྱུར་ཟིན་པས། ང་ཚོའི་དགོས་འདུན་དེ་གནས་སྐབས་ཁས་ལེན་པ་ལྟ་བུ་བྱུང་ཡང་། དོན་དུ་མི་གནས་པ་ནི་ཕྱོགས་གང་ནས་བལྟས་ཀྱང་གསལ་པོ་རེད། རྒྱ་གར་གཞུང་དང་། ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་ཁག་ལ་བོད་རང་བཙན་གྱིས་ཁེ་ཕན་ཡོད་ན་དེ་ལ་རྒྱབ་སྐྱོར་དང་། བོད་རྒྱ་མཉམ་གནས་བྱས་ནས་ཁེ་ཕན་ཡོད་ན་དེ་ལ་རྒྱབ་སྐྱོར། བོད་དོན་ཐག་གཅོད་མ་བྱུང་བས་ཁོང་ཚོ་ལ་ཁེ་ཕན་ཡོད་ན་དེ་ལུགས་ཀྱིས་འབད་བརྩོན་བྱེད་ངེས་ཡིན་པ་ལས། རང་ཉིད་ཀྱི་ཁེ་ཕན་ཟུར་དུ་བཞག་ནས་བོད་པར་རྒྱབ་སྐྱོར་བྱེད་མི་སྲིད་པ་ནི་ཆབ་སྲིད་ཀྱི་སྤྱི་འགྲོས་ལྟ་བུར་གྱུར་ཡོད།།

Share this:
༡༠༣༥ ཀློག་གྲངས།