རྒྱ་ནག་གིས་བོད་ཀྱི་སྐད་ཡིག་བརྒྱུད་སློབ་ཁྲིད་བྱེད་རྒྱུ་བཀག་འགོག

བོད་མདོ་སྨད་མགོ་ལོག་རང་སྐྱོང་ཁུལ་གྱི་ས་ཁུལ་དུ་རྒྱ་ནག་གཞུང་གི་ཤེས་རིག་ཚོགས་ཆུང་ནས་གཞི་རིམ་དང་། འབྲིང་རིམ་སློབ་གྲྭའི་ནང་གི་སློབ་ཚན་རྣམས་འདི་ལོའི་དབྱར་ཁའི་གུང་སེང་རྫོགས་ནས་སྟོན་དུས་སུ་སློབ་དུས་གསར་པ་འགོ་འཛུགས་སྐབས་ནས་བཟུང་།  དེ་སྔ་བོད་ཡིག་སློབ་ཚན་ཙམ་མ་ཟད།  སློབ་ཚན་གཞན་རྣམས་ཀྱང་བོད་སྐད་བརྒྱུད་ལམ་ཐོག་ནས་སློབ་ཁྲིད་བྱ་རྒྱུའི་ལམ་སྲོལ་དེ་དག་མཚམས་འཇོག་བྱེད་དགོས་སྐོར་བརྗོད་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༢༧ ཉིན་བོད་མི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པས་གནས་ཚུལ་སྤེལ་བའི་ནང་།  མགོ་ལོག་རང་སྐྱོང་ཁུལ་གྱི་ས་ཁུལ་གྱི་སློབ་གྲྭ་ཁག་གི་ནང་། སློབ་ཁྲིད་བྱེད་སྐབས་དེ་སྔ་ལྟར་བོད་སྐད་བརྒྱུད་ནས་བྱེད་མི་ཆོག་པ་དང་།  སློབ་གྲྭ་དེ་དག་ནང་གི་འཛིན་གྲྭ་དང་པོ་ནས་དགུ་པའི་བར་གྱི་བོད་ཕྲུག་སློབ་མ་ཚོས་སླད་ཕྱིན་བོད་ཀྱི་སྐད་ཡིག་འཛིན་གྲྭ་ཁོ་ན་ཙམ་མ་གཏོགས།  དེ་སྔ་ལྟར་སློབ་ཚན་གཞན་རྣམས་རྒྱ་སྐད་བརྒྱུད་ནས་སྦྱོང་དགོས་པའི་གནས་ཚུལ་སྤེལ་འདུག

དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པས་སྤེལ་བའི་རྒྱ་ནག་གཞུང་གི་རྩ་འཛིན་བཀོད་ཁྱབ་རྒྱ་སྐད་ཐོག་ཡོད་པ་དེའི་ནང་།  བཀོད་ཁྱབ་དེ་འབྲེལ་ཡོད་སློབ་གྲྭའི་དགེ་ལས་ཡོངས་ནས་ཧ་ཅང་གཙིགས་ཆེར་འཛིན་དགོས་པ་དང་། བཀོད་ཁྱབ་དེའི་དམིགས་ཡུལ་གཙོ་བོ་ནི། སློབ་ཕྲུག་ཚོར་ཤེས་ཡོན་སྦྱང་བརྩོན་གྱི་གོ་སྐབས་སྔར་བས་ཕྱུག་ཏུ་གཏོང་ཆེད་ཡིན་སྐོར་འདུག  དེ་ཡང་ཁུངས་ལྡན་གནས་ཚུལ་ལྟར་ན། བོད་ནང་གི་བོད་མི་ཤེས་ལྡན་པ་དང་། བོད་པའི་སློབ་ཕྲུག་ཚོས་རྒྱ་ནག་གཞུང་གི་བཀོད་ཁྱབ་དེར་མོས་མཐུན་མ་བྱས་པར།  ཁག་གཅིག་གིས་སྤྱི་ཚོགས་དྲ་ལམ་བརྒྱུད་བཀོད་ཁྱབ་དེར་ངོས་ལེན་མེད་པའི་རྣམ་འགྱུར་གསལ་འདོན་དང་སྦྲགས།  འབྱུང་འགྱུར་བོད་ཀྱི་སྐད་ཡིག་ཉམ་ཆག་འགྲོ་རྒྱུར་སེམས་འཚབ་ཆེན་པོ་ཡོད་སྐོར་སོགས་བྲིས་འདུག

བོད་ཀྱི་སྐད་ཡིག་སློབ་ཚན་ཁོ་ན་མ་གཏོགས་སློབ་ཚན་གཞན་རྣམས་རྒྱ་སྐད་ཐོག་སློབ་ཁྲིད་བྱེད་དགོས་སྟབས་སློབ་ཁྲིད་ཀྱི་ཡོ་ཆས་རྣམས་ཀྱི་འགྲེལ་བརྗོད་དང་། གསལ་བཤད་དེ་དག་ཡོངས་རྫོགས་རྒྱ་སྐད་ཐོག་བྲིས་ནས་དགེ་རྒན་ཚོར་ཟབ་སྦྱོང་སྤྲོད་རྒྱུ་ཡིན་པའང་གསལ་བསྒྲགས་དེའི་ནང་འཁོད་འདུག  དེ་ཡང་མགོ་ལོག་རང་སྐྱོང་ཁུལ་ཟེར་བའི་ཤེས་རིག་ཚོགས་ཆུང་གི་འགན་འཛིན་Ang Bao ཟེར་བས་མིང་རྟགས་འཁོད་པའི་གསལ་བསྒྲགས་དེའི་ནང་དུ། བཀོད་ཁྱབ་ལྟར་སློབ་གྲྭའི་དགེ་ལས་རྣམ་པས་སློབ་ཁྲིད་ཀྱི་ཐབས་ལམ་གསར་པ་དེ་ལག་བསྟར་ཚུལ་བཞིན་ཡོང་སླད་མཐུན་འགྱུར་རམ་འདེགས་ཞུ་དགོས་པ་དང་། ལྷག་པར་འཛིན་རིམ་དང་པོའི་ནང་རྒྱ་སྐད་སློབ་ཁྲིད་ཆེད་རྒྱ་སྐད་བྱང་ཆུབ་པའི་དགེ་རྒན་བསྐོ་གཞག་བྱེད་དགོས་པའང་གསལ་འདུག

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཁམས་ནང་ཆེན་དགོན་པར་སློབ་གྲྭའི་དབྱར་ཁའི་གུང་སེང་དང་སྟབས་བསྟུན། དགོན་པའི་ནང་གི་དགེ་འདུན་པ་ཚོས་ས་གནས་བོད་པའི་སློབ་ཕྲུག་ཚོར་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱ་རྒྱུའི་ལམ་སྲོལ་ཞིག་ཡོད་ཀྱང་། སྔ་ལོ་དགུན་དུས་སྐབས་རྒྱ་ནག་གཞུང་གིས་དགོན་པ་དེ་དག་ལ་བཙན་བཀའ་བཏང་ནས།  དགོན་པའི་ནང་བོད་པའི་སློབ་མ་ཚོར་བོད་ཀྱི་སྐད་ཡིག་སློབ་ཁྲིད་མི་ཆོག་པ་བསྒྲགས།  བྱེད་བབ་དེ་དག་ལ་གཞིགས་ཚེ་དེ་སྔ་བོད་ཀྱི་སྐད་ཡིག་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་གིས།  རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ལ་ཆེད་མངགས་སྡང་ཟུག་ཆེན་པོས་དམ་དྲག་སུན་གཙེར་བཟོ་བ་དང་།  བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་ཁྱད་གསོད་བྱས་སྐོར་བརྗོད་པ་དེ་ཚོར་དངོས་ཡོད་རྒྱུ་མཚན་ལྡན་པ་ཞིག་ཡིན་པ་ཧ་ཅང་གསལ་པོ་ཡིན་པའི་གནས་ཚུལ་སྤེལ་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༠༧༨ ཀློག་གྲངས།