ཡུ་རོབ་གྲོས་ཚོགས་ནང་མི་རིགས་རིང་ལུགས་ལྟ་བ་མཁྲེགས་འཛིན་མཁན་མང་དུ་ཕྱིན་པ།

ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འོས་བསྡུའི་གྲུབ་དོན་དུ། དེ་སྔོན་ནས་རྐུབ་སྟེགས་མང་ཤོས་འཛིན་མཁན་གྱི་སྲིད་དོན་ཚོགས་པ་གཉིས་ཀྱི་རྐུབ་སྟེགས་གྲངས་ཉུང་དུ་ཕྱིན་ཡོད་ཁར། ཁོར་ཡུག་སྲུང་སྐྱོབ་པའི་སྲིད་དོན་ཚོགས་པ་དང་མི་རིགས་རིང་ལུགས་ལྟ་མཁྲེགས་འཛིན་མཁན་གྱི་སྲིད་དོན་ཚོགས་པ་གཉིས་ལ་རྐུབ་སྟེགས་མང་དུ་ཕྱིན་ནས། སྐབས་སྔོན་མ་དང་མི་འདྲ་བར་གྲོས་ཚོགས་ནང་གི་ལྟ་བ་འདྲ་མིན་གྱི་འཐུས་མི་མང་པོ་ཞིག་སླེབས་ཐུབ་ཡོད་འདུག

ཟླ་༥ པའི་ཚེས་༢༣ ནས་༢༦ བར་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་༢༨ ཀྱི་ཡུལ་མི་ཚོས། ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་༧༥༡ གི་རྐུབ་སྟེགས་ལ་འོས་བསྡུ་བྱས་ཡོད་པ་དང་། དེ་ཡང་རྒྱལ་ཁབ་ཁག་གི་མི་འབོར་ལ་གཞིགས་པའི་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་ནང་ཐོབ་བྱའི་རྐུབ་སྟེགས་གྲངས་འདྲ་མིན་ཡོད་པ་རེད།

དེ་ཡང་ཐེངས་འདིར་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་རྒྱུའི་ལས་དོན་དང་འབྲེལ་ནས་གླེང་སློང་ཆེན་པོ་ཞིག་འགྲོ་བཞིན་ཡོད་ཁར། ད་བར་ཕྱིར་འཐེན་བྱེད་ཐུབ་མེད་པས་འོས་བསྡུ་ནང་མཉམ་ཞུགས་བྱེད་དགོས་ཁེལ་ཡོད་ཁར། ཡུ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ནང་ཐེངས་དང་པོར་རྒྱལ་ཡོངས་གྲོས་ཚོགས་དང་མངའ་སྡེའི་གྲོས་ཚོགས་ཁག་ནང་། གནས་སྤོ་བ་དང་སྐྱབས་བཅོལ་བ། ཁ་ཆེ་མི་རིགས། མཚན་མཐུན་དགའ་རོགས་བྱེད་མཁན་སོགས་ལ་དགག་བྱ་ཆེན་པོ་བྱེད་མཁན་གྱི་མི་རིགས་རིང་ལུགས་ལྟ་མཁྲེགས་འཛིན་མཁན་སྲིད་དོན་ཚོགས་པ་ཁག་ལ་རྒྱབ་སྐྱོར་མང་དུ་འགྲོ་བཞིན་པ་དང་བསྟུན། ཐེངས་འདིའི་ཡུ་རོབ་ཀྱི་གྲོས་ཚོགས་ནང་མཉམ་ཞུགས་བྱེད་མཁན་མི་མང་བརྒྱ་ཆ་༥༠.༥ ཡིན་འདུག་པ་དང་། སྐབས་སྔོན་མ་ཕྱི་ལོ་༢༠༡༤ ལོའི་འོས་བསྡུ་སྐབས་མི་མང་བརྒྱ་ཆ་༤༢.༦ ཡིན་འདུག་པས། ཐེངས་འདིར་མཉམ་ཞུགས་བྱེད་མཁན་མི་མང་གི་གྲངས་འབོར་འཕར་ཡོད་འདུག

ཟླ་༥ པའི་ཚེས་༢༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། འོས་བསྡུའི་གྲུབ་དོན་དུ་ཡུ་རོབ་གྲོས་ཚོགས་ནང་གི་སྲིད་དོན་ཚོགས་པ་ཆེ་ཤོས་གཉིས་ཀྱི་རྐུབ་སྟེགས་གྲངས་ཉུང་དུ་ཕྱིན་ཡོད་འདུག དེ་ཡང་ཡུ་རོབ་མི་མང་སྲིད་དོན་ཚོགས་པར་ཕྱི་ལོ་༢༠༡༤ ལོར་རྐུབ་སྟེགས་གྲངས་༢༡༦ ཐོབ་ཡོད་ཀྱང་། ཐེངས་འདིར་རྐུབ་སྟེགས་༡༧༨ ཐོབ་ནས་༣༨ ཉུང་དུ་ཕྱིན་ཡོད་ཁར། སྤྱི་ཚོགས་རིང་ལུགས་དང་མང་གཙོ་སྲིད་དོན་ཚོགས་པའི་ཟླ་སྒྲིལ་ཚོགས་པར་སྐབས་སྔོན་མར་༡༨༥ ཐོབ་ཡོད་ཀྱང་། ཐེངས་འདིར་༡༤༧ ལས་ཐོབ་མེད་འདུག སྲིད་དོན་ཚོགས་པ་དེ་གཉིས་ཀས་གྲོས་ཚོགས་ནང་རྐུབ་སྟེགས་མང་མོས་ཐོབ་ཆེད་མི་རིགས་རིང་ལུགས་ལྟ་བ་མཁྲེགས་འཛིན་མཁན་སྲིད་དོན་ཚོགས་པ་ཁག་དང་ཟླ་སྒྲིལ་བྱེད་ཐབས་མེད་པའི་ཆོད་སེམས་བརྟན་པོ་ཡོད་སྐོར་བསྒྲགས་འདུག་ཀྱང་། ཚོགས་པ་དེ་གཉིས་ལ་ཐོབ་པའི་རྐུབ་སྟེགས་གྲངས་བསྡོམས་ན་དགོས་ངེས་ཀྱི་མང་མོས་ལོན་གྱི་མེད་པས། ལྗང་ཁུ་ཚོགས་པ་དང་གུ་ཡངས་ཚོགས་པ་སོགས་ལ་ཟླ་སྒྲིལ་ཡོང་ཐབས་བྱེད་རྒྱུ་ཡིན་འདུག

ཨི་ཊ་ལི་དང་ཧྥ་རན་སི་གཉིས་ནང་དུ་མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་མཁན་སྲིད་དོན་ཚོགས་པར་རྐུབ་སྟེགས་མང་ཤོས་ཐོབ་འདུག་པ་དང་། ཚོགས་པ་དེ་གཉིས་ལ་ཁྱོན་བསྡོམས་རྐུབ་སྟེགས་༥༧ ཐོབ་རྒྱུ་ཡིན་འདུག་པས། སྐབས་སྔོན་མ་དང་བསྡུར་ན་ལྡབ་གཉིས་ཀྱིས་འཕར་ཡོད་འདུག གལ་ཏེ་ཡུ་རོབ་ནང་གི་གནས་སྤོ་བ་དང་ཁ་ཆེ་ཆོས་ལུགས་སོགས་ལ་དགག་བྱ་བྱེད་མཁན་གྱི་ལྟ་མཁྲེགས་སྲིད་དོན་ཚོགས་པ་ཚང་མའི་རུབ་སྟེགས་བསྡོམས་ཚེ། ཉུང་མཐར་༡༥༠ ལྷག་ཆགས་རྒྱུ་ཡིན་སྐོར་གནས་ཚུལ་འདུག འཇར་མན་ནང་སྲིད་བློན་ལྕམ་མཱེར་ཀེལ་གྱི་སྲིད་དོན་ཚོགས་པ་རྐུབ་སྟེགས་ཐོབ་པའི་གྲངས་ཉུང་དུ་ཕྱིན་ཡོད་ཀྱང་། རྐུབ་སྟེགས་གྲངས་དུ་མང་བ་ཐོབ་མཁན་ནི་ལྗང་ཁུ་ཚོགས་པ་ཡིན་འདུག དེ་བཞིན་དབྱིན་ཡུལ་ནང་དུ་གཞུང་འཛིན་རྙིང་ཞེན་ཚོགས་པ་དང་ཕྱོགས་འགལ་ཚོགས་པ་གཙོ་བོ་ངལ་རྩོལ་ཚོགས་པ་གཉིས་ཀྱི་རྐུབ་སྟེགས་གྲངས་ཉུང་དུ་ཕྱིན་འདུག་པ་དང་། ཉེ་བའི་ཆར་གསར་འཛུགས་བྱས་པའི་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་སྲིད་དོན་ཚོགས་པར་རྐུབ་སྟེགས་༢༩ ཐོབ་ནས་དབྱིན་ཡུལ་ནས་རྐུབ་སྟེགས་མང་ཤོས་ཐོབ་འདུག་པ་དང་། དེ་བཞིན་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནང་མུ་མཐུད་གནས་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་མང་གཙོ་གུ་ཡངས་ཚོགས་པ་ལ་ཡང་རྐུབ་སྟེགས་མང་དུ་ཕྱིན་ཡོད་འདུག

དེ་ཡང་ཉེ་བའི་ཆར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཏུ་ཁོར་ཡུག་སྲུང་སྐྱོབ་ཀྱི་དགོས་འདུན་ཐོག གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་ཛ་དྲག་ཆགས་ཡོད་པའི་ངོས་འཛིན་དང་ལས་འགུལ་སྤེལ་དགོས་པའི་ལས་འགུལ་ཁྱབ་ཆེན་སོང་ཡོད་པ་ལྟར། ཐེངས་འདིར་ཡུ་རོབ་ནང་གི་ལྗང་ཁུ་ཚོགས་པ་ཁག་ལ་རྒྱབ་སྐྱོར་ཆེ་རུ་སོང་ནས། གྲོས་ཚོགས་ནང་རྐུབ་སྟེགས་༧༠ ཐོབ་འདུག་པ་དང་། རྐུབ་སྟེགས་མང་ཤོས་ཐོབ་མཁན་འཇར་མན་ལྗང་ཁུ་ཚོགས་པ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༢༤༡ ཀློག་གྲངས།