མང་གཙོའི་སྤྱི་ཚོགས་ནང་སྲིད་དོན་ཚོགས་པ་ཡོད་དགོས་ངེས་ཡིན་སྐོར་གསུངས་སོང་།

ཟླ་འདིའི་ཚེས་༦ ནས་ཉིན་གསུམ་རིང་དྷ་ས་མེག་གྷན་དུ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་ཡོད་པ་དང་། སྐབས་དེར་སྤྱིར་མང་གཙོ་ཚོགས་པའི་ལས་དོན་བྱེད་ཕྱོགས་ཐོག་བགྲོ་གླེང་དང་། དབུས་རྒྱུན་གསར་པ་འོས་འདེམས་བྱེད་དགོས་ཀྱི་ཡོད་པ་རེད།

ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་དང་། གཞོན་ལྷན་ཚོགས་གཙོ་སོགས་ཚོགས་པ་ཁག་གི་སྐུ་ཚབ། ཚོགས་ཞུགས་པ་རྣམས་མཉམ་ཞུགས་བྱས་འདུག་ལ། མང་གཙོ་ཚོགས་པར་དཔལ་འབྱོར་གྱི་རོགས་སྐྱོར་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་ཕུལ་ཡོད་པ་རེད།

མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུས་ཚོགས་འདུ་དབུ་འབྱེད་མཛད་སྒོའི་གཏམ་བཤད་གནང་སྐབས། ཁོང་གིས། ཚོགས་པའི་ལས་དོན་བྱེད་ཕྱོགས་སྒྲིག་གཞི་གཞིར་བཟུང་ཐོག འགན་འཛིན་ལྷན་ཚོགས་རིམ་པའི་གྲོས་ཆོད་ལས་མ་འགལ་བར་ལས་དོན་བསྒྲུབ་ཡོད་སྐོར་དང་། ལྟ་བ་ལངས་ཕྱོགས་མ་འགྱུར་བའི་ཐོག་ནས། ད་ལྟ་མང་གཙོ་ཚོགས་པར་ལས་ཁང་གསར་པ་ཉོ་ཐུབ་ཡོད་པ་དང་། མ་དངུལ་བསྡུུ་རུབ་བྱས་ཏེ། ལས་ཁང་ཉོས་པ་ལས། ཚོགས་པའི་མ་རྩ་གང་ཡོད་པ་རང་འཇགས་བཞག་ཡོད། ད་དུང་མ་འོངས་པར་དཔལ་འབྱོར་གྱི་དཀའ་ངལ་ཡོད་སྐོར་གསུངས་སོང་། མང་གཙོ་ཚོགས་པ་སྲིད་དོན་ཚོགས་པའི་ངོ་བོས་ཐོག་ནས་བཙུགས་ཏེ། འོས་བསྡུ་རིམ་པའི་ནང་འོས་མི་བཏོན་པ་དང་། མང་གཙོའི་གོ་རྟོགས་ལས་འགུལ་སྤེལ་ཡོད་རེད། ད་ལྟ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་བྱས་ཏེ། ཚོགས་པ་ཁག་ལ་སྲིད་སྤྱིའི་འོས་མི་འདོན་མི་ཆོག་པ་བཟོས་ཡོད་རེད་ལ། ཁ་ཤས་ཀྱིས་ད་མང་གཙོ་ཚོགས་པར་ཚར་རེད། བྱེད་རྒྱུ་ཡོད་མ་རེད་ཟེར་མཁན་འདུག་སྟེ། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱིས་ཕན་ཐོགས་ན་བོད་སྤྱི་ལ་ཕན་ཐོགས་པ་ལས། མང་གཙོ་ཚོགས་པར་ཟུར་དུ་གྱོང་རག་འགྲོ་རྒྱུ་ཞིག་མེད་སྐོར་དང་། ད་ཐེངས་ཚོགས་ཆེན་ཐོག་དེའི་སྐོར་ལ་གྲོས་བསྡུར་བྱེད་འཆར་ཡོད་སྐོར། མང་གཙོ་ཚོགས་པ་གསར་འཛུགས་སྐབས་༧གོང་ས་མཆོག་གིས་“ལྷག་བསམ་བཟང་པོ་ཞིག་གི་ཀུན་ནས་བླངས་ཏེ་དམིགས་ཡུལ་བཟང་པོ་ཞིག་བསྒྲུབ་རྒྱུའི་དོན་དུ་ཐབས་བཟང་པོ་ཞིག་འགོ་བཙུགས་རེད། འདི་ཤིན་ཏུ་ཡག་པོ་བྱུང་འདུག་”ཅེས་བཀའ་སློབ་གནང་བ་ལྟར་མུ་མཐུད་ལས་དོན་བྱེད་དགོས་སྐོར་གསུངས་སོང་།

དམིགས་བསལ་སྐུ་མགྲོན་གཞོན་ལྷན་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ཀྱིས། ཐོག་མར་༡༩༩༤ ལོར་༧གོང་ས་མཆོག་གིས་གཞོན་ནུ་ལྷན་ཚོགས་ལ་སྲིད་དོན་ཚོགས་པ་གལ་ཆེ་སྐོར་གྱི་བཀའ་སློབ་གནང་ནས། གཞོན་ལྷན་ངོས་ནས་མང་གཙོ་ཚོགས་པ་སྲིད་དོན་ཚོགས་པའི་ངོ་བོར་གསར་འཛུགས་བྱས་པའི་བརྒྱུད་རིམ་དང་། ལས་དོན་བྱེད་ཕྱོགས་དེ་ཐོག་མིའི་དམིགས་ཡུལ་བཞིན་འགྲུབ་ཡོད་མེད་ལ་ད་ལྟ་བསྐྱར་ཞིབ་དགོས་སྐོར་གསུངས་སོང་།

བསྟན་འཛིན་འཇིགས་མེད་ཀྱིས་མུ་མཐུད་སྲིད་དོན་ཚོགས་པའི་གལ་གནད་སྐོར་གསུང་སྐབས། མང་གཙོའི་སྤྱི་ཚོགས་ནང་སྲིད་དོན་ཚོགས་པ་བཙུགས་ཆོག་པ་མ་ཟད། ཡོད་དགོས་ངེས་ཤིག་ཀྱང་ཡིན་པ་དང་། རྒྱ་ནག་གི་དབང་བསྒྱུར་འོག་སྲིད་དོན་ཚོགས་པ་བཙུགས་མི་ཆོག་པ་དང་། མང་གཙོ་ཡོད་པ་མ་རེད། བཙན་བྱོལ་བོད་མིའི་ནང་མང་གཙོ་ཡོད་པས། དེ་གཉིས་ཁྱད་པར་ཆེན་པོ་ཡོད་སྐོར་དང་། མང་གཙོ་ཟེར་དུས་མང་ཕྱོགས་ཐོག་ཐག་བཅད་ནའང་། ཉུང་ཕྱོགས་དེ་གལ་ཆེན་པོ་ཡིན་པ་དང་གུས་བརྩི་དགོས་སྐོར། ང་ཚོ་བོད་ཤོར་བའི་སྐྱབས་བཅོལ་བ་ཞིག་ཡིན་པས། བོད་ནང་དཀའ་ངལ་གང་ཡོད་པ་ཤེས་རྟོགས་ཡོད་པས་ཐོག་ནས་ད་ལྟ་འདི་འདྲ་བསྡད་ན་འགྲིག་མིན་ལ་བསམ་བློ་གཏོང་དགོས་པ་དང་། ལས་དོན་མུ་མཐུད་ཚགས་ཚུད་ཡོང་ཐབས་དགོས་སྐོར་གསུངས་སོང་།

སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས། ཐེངས་འདིའི་ཚོགས་ཆེན་ཐོག་གྲོས་འཆར་གལ་ཆེན་གཅིག་༧གོང་ས་མཆོག་གི་སྐུ་ཕྱྭའི་སྐོར་བཞག་ཡོད་པ་གལ་ཆེན་པོ་ཡིན་སྐོར་དང་། སྐུ་ཕྱྭ་ལ་ཕྱིའི་སྲུང་སྐྱོབ་དང་། ནང་གི་༧གོང་ས་མཆོག་གི་བཀའ་དགོངས་བཞིན་བསྒྲུབ་ནས་ཐུགས་མ་ཕམ་པ་ཞིག་དགོས་སྐོར་གསུངས་སོང་ལ། དུས་རྒྱུན་ཆབ་སྲིད་ཀྱི་ལས་འགུལ་སྤེལ་སྐབས། གཙོ་བོ་ལོ་རེའི་ནང་གི་གསུམ་བཅུའི་དུས་དྲན་དང་། ༧སྐུའི་འཁྲུངས་སྐར། མང་གཙོའི་དུས་ཆེན། ནོ་བྷེལ་ཞི་བདེའི་གཟེངས་རྟགས་དུས་ཆེན་བཅས་ཀྱི་མཛད་སྒོ་བཞི་ཐོག་སྤེལ་བའི་བཀའ་སྤྱི་གཉིས་ཀྱི་གཏམ་བཤད་གཞི་ལ་བཞག་ནས་ལས་འགུལ་སྤེལ་ན་ཕན་ཐོགས་ཆེ་བ་ཡོད་སྐོར་གསུངས་པ་དང་། འོས་བསྡུའི་ལས་དོན་ག་རེ་བྱེད་དགོས་མིན་འོས་བསྡུའི་སྒྲིག་གཞི་ཤེས་རྟོགས་དགོས་པ་གལ་ཆེ་སྐོར་གསུངས་སོང་།

ཉིན་གསུམ་རིང་གི་ཚོགས་འདུའི་ཐོག་བརྗོད་གཞི་གཙོ་བོ། ༧གོང་ས་མཆོག་གི་སྐུ་ཕྱྭའི་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་ལ་དཔག་པའི་ལས་འགུལ་སྤེལ་ཕྱོགས། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་༢༠༢༡ ལོའི་སྲིད་སྤྱིའི་འོས་བསྡུའི་སྐབས་ལས་འགུལ་སྤེལ་ཕྱོགས། མང་གཙོ་ཚོགས་པའི་དབུས་རྒྱུན་ལས་གསར་པ་འོས་འདེམས་སྐོར་ཡིན་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༢༥༧ ཀློག་གྲངས།