རྒྱ་ནག་གི་ཧུ་ཝེ་ཚོང་ལས་ཁང་ལ་ཨུ་རུ་སུར་ཚོང་ལས་གོ་སྐབས་ཐོབ་འདུག

ཨ་རིའི་བྱེད་སྟངས་ལ་བརྟེན་ནས་ཨུ་རུ་སུ་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་ཡག་ཏུ་འགྲོ་བཞིན་ཡོད་པ་ལྟར། ཨ་རིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ངོས་འཛིན་བྱེད་བཞིན་པའི་རྒྱ་ནག་གི་ཧུ་ཝེ་ཚོང་ལས་ཁང་དང་། ཨུ་རུ་སུའི་ཁ་པར་འབྲེལ་མཐུད་ཚོང་ལས་ཁང་ཞིག་གི་བར། ཨུ་རུ་སུ་ནང་བརྡ་རྟགས་ཚད་རིམས་༥ ཅན་གྱི་ལས་འཆར་བཟོ་བསྐྲུན་བྱེད་རྒྱུའི་གྲོས་མཐུན་བྱུང་ནས་མིང་རྟགས་བཀོད་ཡོད་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨུ་རུ་སུར་སྐོར་བསྐྱོད་དུ་སླེབས་ཡོད་པ་དང་། ཟླ་༦ པའི་ཚེས་༦ ཉིན་ཨུ་རུ་སུའི་རྒྱལ་ས་མཱོ་སེ་ཁོ་རུ་ཞི་ཅིན་ཕིང་དང་ཨུ་རུ་སུའི་སྲིད་འཛིན་ཝལ་ཌེ་མིར་པུ་ཀྲེན་གཉིས་བར་གྱི་ལྷན་ཚོགས་ཀྱི་ཟུར་དུ། རྒྱ་ནག་གི་ཁ་པར་ཚོང་ལས་ཁང་ཧུ་ཝེ་དང་ཨུ་རུ་སུའི་ཁ་པར་འབྲེལ་མཐུད་ཚོང་ལས་ཁང་(MTS) གཉིས་བར། ལོ་རྗེས་མའི་ནང་ཚོང་ལས་ཁང་གཉིས་ཀྱིས་ཨུ་རུ་སུ་ནང་བརྡ་རྟགས་ཚད་རིམ་༥ པའི་འཕྲུལ་ཆས་བཟོ་སྐྲུན་བྱས་ནས། ཚོད་ལྟའི་ཆེད་འགྲེམས་སྤེལ་བྱེད་རྒྱུའི་གྲོས་མཐུན་བཞག་ལ་མིང་རྟགས་བཀོད་ཡོད་འདུག ཧུ་ཝེ་ཚོང་ལས་ཁང་གི་མཐོ་རིམ་ལས་བྱེད་གཅིག་གིས། གལ་གནད་ཆེ་བའི་བརྡ་རྟགས་ཚད་རིམ་༥ པ་དང་འབྲེལ་ནས་གྲོས་མཐུན་འཇོག་ཐུབ་པར་ཤིན་ཏུ་དགའ་པོ་བྱུང་སྐོར་བརྗོད་འདུག

ཨ་རིས་རྒྱ་ནག་དང་ཚོང་དམག་རྒྱག་བཞིན་ཡོད་ཁར། ཨུ་རུ་སུར་དཔལ་འབྱོར་གྱི་ཉེས་ཆད་གཏོང་བཞིན་ཡོད་པས། དཔྱད་བརྗོད་པ་མང་པོ་ཞིག་གིས་ཨ་རིའི་བྱེད་སྟངས་ལ་བརྟེན་ནས་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱི་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་འགྲོ་བཞིན་ཡོད་པས། རྒྱལ་ཁབ་དེ་གཉིས་བར་གྱི་འབྲེལ་ལམ་ཡག་ཏུ་འགྲོ་བཞིན་ཡོད་པ་དང་། ཨ་རི་ལ་ཁ གཏད་གཅོག་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་བཞིན་འདུག དེ་ཡང་ཨ་རིས་རྒྱལ་སྤྱིའི་ནང་ཁ་པར་དང་ཁ་པར་ཡོ་ཆས་བཟོ་སྐྲུན་བྱེད་མཁན་ཚོང་ལས་ཆེ་ཤོས་གྲས་ཧུ་ཝེ་ཚོང་ལས་ཁང་དེས། རྒྱ་ནག་གཞུང་གི་ཆེད་དུ་ཨ་རིའི་ནང་སོ་ལྟ་བྱེད་ཀྱི་ཡོད་པའི་ཉེས་འཛུགས་ཀྱིས། ཉེ་བའི་ཆར་ཨ་རིའི་ཚོང་ལས་ཁང་རྣམས་ཀྱིས་ཧུ་ཝེ་ཚོང་ལས་ཁང་ལ་ཁ་པར་བཟོ་སྐྲུན་བྱེད་པར་མཁོ་བའི་གལ་ཆེའི་ཡོ་ཆས་བཙོང་མི་ཆོག་པ་བཟོས། རྒྱལ་སྤྱིའི་ནང་གི་ཚོང་ལས་ཁང་མང་པོ་ཞིག་གིས་ཧུ་ཝེ་དང་མཉམ་ལས་བྱེད་པར་ཐེ་ཚོམས་བྱེད་དགོས་པ་ཆགས་ཡོད་པ་རེད་དེ། ཐེངས་འདིར་ཨུ་རུ་སུས་ཧུ་ཝེ་དང་མཉམ་ལས་བྱེད་རྒྱུའི་གྲོས་མཐུན་བཞག་པ་དེས། ཧུ་ཝེ་ལ་གོ་སྐབས་གསར་པ་ཞིག་དང་ཨ་རིའི་ཐག་གཅོད་ལ་ཁ་གཏད་ཆགས་ཀྱི་ཡོད་པ་རེད།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་ནི་ཁོང་གི་གྲོགས་པོ་ཉེ་པོ་ཞིག་ཡིན་པ་དང་། ཕྱོགས་གཉིས་བར་གལ་གནད་ཆེ་བའི་གནད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག དེ་སྔོན་ནས་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་རྒྱལ་སྤྱིའི་སྡིངས་ཆ་ཐོག་ཕན་ཚུན་རྒྱབ་སྐྱོར་བྱེད་རེས་བྱེད་ཀྱི་ཡོད་ཁར། མཉམ་འབྲེལ་རྒྱལ་ཁབ་ནང་དུ་སི་རི་ཡ་དང་ཨི་རག་སོགས་ཀྱི་གནད་དོན་ཐད། ཨ་རི་སོགས་ཀྱི་ཁ་གཏད་དུ་ལངས་ནས་དགག་བྱ་ཐེངས་མང་བྱས་མྱོང་ཡོད་པ་རེད།

ཐེངས་འདིའི་ཞི་ཅིན་ཕིང་གི་སྐོར་བསྐྱོད་དེ་ནི་རྒྱ་ནག་དང་ཕྱོགས་གཉིས་བར་འབྲེལ་ལམ་འགོ་འཛུགས་བྱས་ཏེ་ལོ་ངོ་༧༠ འཁོར་བ་སྲུང་བརྩི་དང་དུས་མཉམ་ལ་འཁེལ་ཡོད་འདུག རྒྱ་ནག་གིས་ཨུ་རུ་སུར་ལག་རྟགས་སུ་བྱི་ལ་དོམ་གཉིས་སྤྲད་འདུག་པས། ཨུ་རུ་སུས་བྱི་ལ་དོམ་ནི་རྒྱ་ནག་གི་མཚོན་དོན་ཞིག་ཡིན་པས། བྱེད་སྟངས་དེ་ནི་ཕྱོགས་གཉིས་བར་གྱི་མཉམ་ལས་གལ་ཆེན་ཆགས་ཀྱི་ཡོད་སྐོར་བརྗོད་འདུག

ཉེ་བའི་ལོ་ཤས་ནས་ཕྱོགས་གཉིས་བར་གྱི་ཚོང་འབྲེལ་ཤུགས་ཆེ་རུ་སོང་ནས། ཕྱི་ལོ་༢༠༡༨ ལོར་ཚོང་འབྲེལ་བརྒྱ་ཆ་༢༥ འཕར་ནས་ཨ་སྒོར་ཐེར་འབུམ་༡༠༨ ཀྱི་ཚོང་འབྲེལ་བྱས་ནས་ཟིན་ཐོ་གསར་པ་ཆགས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༣༡༩ ཀློག་གྲངས།