ཤེས་རིག་ལས་ཁུངས་ཀྱིས་བརྡ་ཆད་འཚོལ་ཞིབ་མཉེན་ཆས་དབུ་འབྱེད་བྱས་སོང་།

ཟླ་༦ པའི་ཚེས་༦ ཉིན་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ཚན་པས་བརྡ་ཆད་རྣམས་ལག་ཐོག་ཁ་པར་དང་ཀམ་པུ་ཊར་གཉིས་ཐོག་འཚོལ་ཞིབ་ཐུབ་ཆེད་ཀྱི་མཉེན་ཆས་ TibTerm ཞེས་པ་ཞིག་དང་། བརྡ་ཆད་དེབ་ཕྲེང་བཅུ་གཉིས་པའི་དབུ་འབྱེད་མཛད་སྒོ་ཞིག་འཚོགས་སོང་། མཉེན་ཆས་དེར་མཐུན་འགྱུར་བྱེད་མཁན་ཌན་མག་གཞུང་གི་རོགས་ཚོགས་ཤིག་ཡིན་འདུག

མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་གཙོས་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ། དྲུང་འཕར་འཇིགས་མེད་རྣམ་རྒྱལ། ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་དང་འབྲེལ་ཡོད་ལས་བྱེད་དང་། ལས་བྱེད་གཞན་བཅས་མཉམ་ཞུགས་བྱས་ཡོད་པ་དང་།ཐོག་མར་ཨོ་རྒྱན་བསྟན་འཛིན་གྱིས་བརྡ་ཆད་ཚན་པ་ནས་ད་བར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་མང་ཚོགས་ལ་ཐ་སྙད་ཐོག་གོ་རྟོགས་ཇི་ལྟར་སྤེལ་ཐུབ་པ་བྱུང་ཡོད་སྐོར་དང་། ཕྱི་ཟླ་༦ པའི་མཇུག་ནས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་། མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུའི་ལས་རིམ་ཡོད་སྐོར་གྱི་ངོ་སྤྲོད་གཏམ་བཤད་གནང་སོང་།

ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ཡིས་བརྡ་ཆད་དེབ་ཕྲེང་བཅུ་གཉིས་དབུ་འབྱེད་བྱས་ཏེ་གཏམ་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ལས་འགན་གཙོ་བོ་ནི། བོད་མི་གཞོན་སྐྱེས་རྣམས་ཀྱི་ཤེས་ཡོན་དང་བོད་ཀྱི་ཐུན་མིན་སྐད་ཡིག་སོགས་ཀྱི་ཐོག་དོ་སྣང་བྱེད་དགོས་རྒྱུ་རེད། དེ་རིང་གི་ལས་འཆར་ལྟ་བུ་མཚོན་ན། བོད་མིའི་ཐུན་མིན་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་སླད་ཤེས་རིག་བརྡ་ཆད་ཚན་པ་དེ་བཞིན་གསར་འཛུགས་གནང་བ་ཞིག་ཡིན། ཤེས་རིག་བརྡ་ཆད་ཚན་པས་ད་བར་བརྡ་ཆད་དེབ་ཕྲེང་བཅུ་གཉིས་གཏན་འབེབས་གནང་ཟིན་ཡོད་པ་རྣམས། མང་ཚོགས་ཁྲོད་དེ་དག་བེད་སྤྱོད་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་མ་བྱས་ཚེ། ཤེས་རིག་ལས་ཁུངས་ནས་གཏན་འབེབས་གནང་ཟིན་པ་རྣམས་ཕན་མེད་དུ་འགྱུར་གྱི་རེད། ཐ་སྙད་གཏན་འབེབས་འདི་བཞིན་གཅིག་གྱུར་གྱི་ལམ་ནས་བདེ་སྤྱོད་གཏོང་དགོས་སྐོར་གསུངས་སོང་།

ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་བརྡ་ཆད་མཉེན་ཆས་TibTerm ཞེས་པ་དབུ་འབྱེད་དང་སྦྲགས་གཏམ་བཤད་གནང་དོན། རྒྱལ་སྤྱིའི་སྟེང་ (ethnologue.com)ཞེས་པའི་དྲ་ཚིགས་ཤིག་ཡོད་པ་དང་། དྲ་ཚིགས་དེའི་དམིགས་ཡུལ་གཙོ་བོ་འཛམ་གླིང་གི་སྐད་ཡིག་ཁག་བེད་སྤྱོད་གཏོང་བཞིན་པ་དག་གི་གྲངས་འབོར་གསལ་བཏོན་དང་། སྐད་ཡིག་རྣམས་ཉམས་རྒུད་དུ་སོང་བ་རྣམས་སྲུང་སྐྱོབ་དང་དར་སྤེལ་གྱི་ལས་དོན་སོགས་གཉེར་གྱི་ཡོད་པ་དང་། གཞན་ཡང་དྲ་ཚིགས་དེ་འཛམ་གླིང་ནང་སྐད་ཡིག་ཇི་ཙམ་ཡོད་མེད་སོགས་འཚོལ་བཤེར་བྱེད་སའི་ཁུངས་གཏུགས་བྱེད་ས་གཙོ་བོ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་སྐོར་གསུངས་ནས། རྒྱལ་ཁབ་གཞན་དང་མི་འདྲ་བར་ང་ཚོའི་བོད་ཀྱི་ཐུན་མིན་སྐད་ཡིག་ལ་སྐད་གདངས་དང་འབྲི་གཟུགས་ཡོད་པར་བརྟེན་སྐད་ཡིག་འདི་བཞིན་ཕྱུག་པོ་ཞིག་ཡིན། སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན། སྐད་ཡིག་མེད་པ་ཡིན་ན་རིག་གཞུང་རྒྱུན་འཛིན་བྱེད་མི་ཐུབ། བོད་ཀྱི་ཐུན་མིན་སྐད་ཡིག་རྣམས་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་ང་ཚོའི་ལས་འགན་ཡིན། སློབ་ཕྲུག་རྣམས་ནས་རང་གི་སྐད་ཡིག་ལ་རྩ་ཆེན་པོ་བརྩིས་པའི་ཐོག་ནས་བོད་སྐད་བསྐྱོན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཉིན་རེ་བཞིན་སྐད་ཡིག་ཉམས་རྒུད་འགྲོ་རྒྱུ་གཙོ་བོ་ནི། བོད་མི་གཞོན་སྐྱེས་རྣམས་ནས་རང་གི་སྐད་ཡིག་བེད་སྤྱོད་མ་བྱས་པའི་དབང་གི་ཆགས་ཡོད། བོད་ཀྱི་སྐད་ཡིག་མུ་མཐུད་གནས་ཆེད་དེ་སྔོན་མི་རབས་རྒན་པ་རྣམས་ནས་བདག་གཅེས་སྲུང་སྐྱོབ་བྱེད་ཐུབ་པ་ལྟར། ད་ཆ་མི་རབས་གཞོན་པ་རྣམས་ནས་ཀྱང་མུ་མཐུད་སྐུ་ལས་བསྐྱོན་དགོས། ཕ་མས་སོ་སོའི་བུ་ཕྲུག་རྣམས་ལ་བོད་མིའི་ཐུན་མིན་སྐད་ཡིག་གལ་ཆེན་པོ་ཡིན་སྐོར་སློབ་གསོ་དང་། ཕྲུ་གུ་རྣམས་ཁྱིམ་དུ་ཡོད་པའི་སྐབས་ངེས་པར་བོད་སྐད་བསྐྱོན་དགོས། སོ་སོའི་ཕ་སྐད་ཐོག་ཤུགས་བསྐྱོན་དགོས། ཉེ་ཆར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་ཐུན་མིན་སྐད་ཡིག་ནི་མི་རིགས་ཀྱི་ཁྱད་ཆོས་ཤིག་ཡིན་སྐོར་སོགས་ཀྱི་བཀའ་སློབ་སྩལ་ཡོད་ཅེས་གསུང་བཤད་གནང་སོང་།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༣༥༩ ཀློག་གྲངས།