འདོད་རྒུ་གླིང་རུ་ཁག་གིས་བསྐྱར་དུ་རྒྱལ་ཁ་བླངས་སོང་།

ཕྱི་ལོ་༢༠༡༨ ལོར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་མཐའ་མའི་རྒྱལ་ཁ་བླངས་མཁན། མོན་གྷོ་འདོད་རྒུ་གླིང་རྐང་སྤོལ་རུ་ཁག་གིས། ཕྱི་ལོ་༢༠༡༩ ལོའི་རྐང་སྤོལ་འགྲན་བསྡུར་ལ་བསྐྱར་དུ་མཐའ་མའི་རྒྱལ་ཁ་བླངས་སོང་།

ཟླ་༦ པའི་ཚེས་༡༠ ཉིན་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་བསྡུར་ཐེངས་༢༥ པའི་མཐའ་མའི་འགྲན་བསྡུར་དེ། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་རྒྱ་གར་བྱང་ཕྱོགས་དོན་གྲུབ་གླིང་རུ་ཁག་གཉིས་བར་བྱས་ནས། རྩེད་འགྲན་གྱི་དུས་ཚོད་སྐར་མ་༩༠ རྫོགས་མཚམས་ལ། ཕྱོགས་གཉིས་ཀྱིས་སྤོ་ལོ་གཅིག་རེ་བླུགས་ཐུབ་ཡོད་པས། བསྐྱར་དུ་དུས་ཚོད་སྣོན་མ་སྐར་མ་༢༠ རྩེས་ཀྱང་སྤོ་ལོ་བླུགས་ཐུབ་པ་བྱུང་མེད་པས། མཐའ་མ་དེར་ཉེས་འགེལ་ཐིགས་མཚམས་ནས་རྡོག་རྡེག་གཞུ་རེས་བྱས་སྐབས། འདོད་རྒུ་རུ་ཁག་གི་སྒོ་བཀག་པས་སྤོ་ལོ་གཉིས་བཀག་ནས་རྒྱལ་ཁ་ཐོབ་ཡོད་པ་རེད།

དེ་ཡང་ཟླ་༥ པའི་ཚེས་༣༡ ནས་ཟླ་༦ པའི་ཚེས་༡༠ སྟེ་ཉིན་གྲངས་༡༡ རིང་དྷ་སྟེང་བོད་ཁྱིམ་གྱི་རྐང་སྤོལ་རྩེད་ཐང་དུ། བྱང་ཨ་རི་དང་དབྱིན་ཡུལ། རྒྱ་གར་དང་བལ་ཡུལ་བཅས་ནས་རུ་ཁག་༢༣ བར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་བསྡུར་བྱས་ཡོད་པ་དང་། རྩེད་འགྲན་ཐེངས་༣༠ བྱས་ཡོད་པ་དང་ཁྱོན་བསྡོམས་སྤོ་ལོ་༨༢ བླུགས་ཡོད་འདུག

ཐེངས་འདིའི་རྩེད་འགྲན་ཁྲོད་ཨང་དང་པོ་ལ་བྱ་དགའ་་ཧིན་སྒོར་༡༢༠,༠༠༠ དང་ཨང་གཉིས་པར་ཧིན་སྒོར་༡༠༠,༠༠༠། ཨང་གསུམ་པ་དང་བཞི་པ་ལ་སྒོར་༢༥,༠༠༠ རེ་དང་། དེ་བཞིན་རྩེད་འགྲན་རུ་ཁག་ཡག་པོ་གཞན་བཞི་ལ་སྒོར་ཁྲི་གཅིག་རེ། དེ་བཞིན་རྐང་སྤོལ་རྩེད་མོ་བ་རྩེ་ཕུད་བསྟན་འཛིན་སྨོན་ལམ་དང་། སྤོ་ལོ་བླུག་མཁན་མང་ཤོས་བསྟན་པ་ལྷུན་འགྲུབ། ལོ་ཆུང་བ་རྩེད་མོ་བ་ཡག་ཤོས་ཚེ་རིང་བསྟན་འཛིན་སྟོབས་རྒྱལ། སྒོ་བཀག་ཡག་ཤོས་བསྟན་འཛིན་བསམ་འགྲུབ་བཅས་ལ་ཧིན་སྒོར་༥,༠༠༠ རེ་ཡི་བྱ་དགའ་སྤྲད་ཡོད་པ་རེད།

ལོ་རྗེས་མའི་རྩེད་འགྲན་དེ་དོན་གྲུབ་གླིང་དུ་གོ་སྒྲིག་བྱེད་རྒྱུ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༢༨༤ ཀློག་གྲངས།