སྤུན་མཆེད་ཐ་ཧྭར་ལ་ལན་དུ་ཕུལ་བ།

 

ཉིད་ནས་འདི་ལྟར་གནས་ལུགས་དང་རྒྱུ་མཚན་མི་ཉུང་བ་ཞིག་དྲངས་དེ་གསུངས་འོང་ན་བདེན་པའི་ཆ་ཆེས་མི་ཉུང་བ་ཞིག་ཡོད་པ་ནི། ངས་བཤད་མི་དགོས་པར་ཀློག་མཁན་དག་གིས་གསལ་གསལ་དངས་དངས་ཤེས་ངེས་རེད། ཉིད་ཀྱིས་གསུངས་པ་ལྟར། བདེན་པའི་ཆ་མང་བོ་ཞིག་ཡོད་པ་ནི་བདེན་པ་རེད། བདག་གིས་རྩོམ་ཡིག་དེ་བྲིས་པའི་མཇུག་དུ་རང་རང་གི་མྱོང་ཚོར་གཞིར་བཞག་ནས་འབྲི་རོགས་ཟེར་ནས་འབོད་སྐུལ་ཡང་ཞུས་ཡོད་ལ། དེ་རིང་ཉིད་ནས་ཕྱི་ཡུལ་ནས་རང་དབང་དང་ཐོབ་ཐང་ཡོད་པའི་སྐོར་མི་ཉུང་བ་ཞིག་གླེང་འདུག་ལ། སྤྱི་སྒེར་གང་ཐད་ནས་གྲུབ་འབྲས་ཀྱང་མི་ཉུང་བ་ཞིག་ཡོད་པ་གླེང་འདུག  དེ་དག་ཡང་ཉིད་ཀྱི་བསམ་ཚུལ་དང་ཁོར་ཡུག་གི་གནས་བབ་ཡིན་པས་བདེན་ཁ་སྟེར། འོན་ཀྱང་། རྩོད་པ་མིན་ལ། སྐད་ཆ་དྲང་མོ་ཡིན། བོད་དོན་ནི་བོད་མིས་བྱེད་དགོས་པ་ལས། བོད་དོན་ཁྱབ་བསྒྲགས་ནི་མི་ལོ་ལྔ་བཅུའི་རིང་དུ་བཙན་བྱོལ་དུ་ལྕེ་ཐོག་མཁན་མི་ཉུང་བ་དག་གིས་བྱས་པ་རེད་ལ། གྲུབ་འབྲས་ཀྱང་བོད་མི་ཁྱེད་དང་ང་ཡི་གཙོ་བའི་ཚང་མའི་སེམས་ན་གསལ་བོ་རེད། ད་ནི་འུ་ཅག་གིས་ཤེས་དགོས་པ་དེ་ནི་སྒེར་གྱི་ཁེ་ཕན་ལས་སྤྱི་དོན་གྱི་ཤུགས་ལ་རིགས་དང་རྒྱུ་སོགས་ཅི་ལྟར་སྲུང་སྐྱོབས་བྱེད་དགོས་པ་དེ་ཡིན་པ་ལས། ཡག་ཕྱོགས་ཙམ་ལ་མགོ་བོ་འཁོར་ནས་རིགས་ཀྱི་རྩ་བ་རུལ་བ་དང་སྒོར་་མོ་རེ་ཟུང་ཞིག་གསོགས་ཐུབ་པ་དེ་དག་གིས་རང་རང་གི་འཕུར་བསྐྱོད་དང་འགྲུལ་བཞུད་སྟབས་བདེ་སོང་བ་དེ་ཙམ་གྱིས་བོད་རིགས་ཀྱི་མ་འོངས་པ་མཚོན་མི་ཐུབ་ལ། བོད་དོན་གྱི་གྲུབ་འབྲུས་ཀྱང་གཏན་ནས་སོན་ཐུབ་མེད།

ཉིད་ནས་ད་དུང་། འུ་གཉིས་ཀྱིས་རྒྱ་གར་ནས་ཟ་ཁང་ནང་གི་གླ་ཆ་དང་སྐྱབས་བཅོལ་ལག་ཁྱེར་ཡོད་མེད་ཀྱི་གསར་འབྱོར་བ་དག་གི་མྱོང་བཞིན་པའི་དཀའ་ངལ་དག་གླེང་འདུག དེ་དག་ནི་དངོས་ནས་དཀའ་ངལ་མ་རེད་མི་ཟེར་ལ། དཀའ་ངལ་ལས་ཀྱང་རིགས་ཞེན་བོར་ས་དང་རིགས་རུས་ཆད་ས་ཆགས་མེད་པ་ཡིན། དེ་དག་ལ་བསམ་གཞིགས་བྱས་པ་ཡིན་ན། ཕྱི་ནས་གྲོགས་པོའི་བརྩེ་བ་ཡང་ཆུང་དུ་འགྲོ་བཞིན་ཡོད་ལ། དེ་ཡང་དུས་ཚོད་ཀྱིས་དེད་ནས་ཡིན་ལ། དུས་རབས་ཀྱི་མིང་གསར་བའི་ཁྲོད་ཀྱི་བྲེལ་བ་ཟེར་བའི་མིང་དེ་ལ་འཐམ་ནས་མི་ཚེ་ཐུང་ཐུང་དེ་འགྲོ་ཐབས་བྱེད་པ་དེ་ཙམ་ལས་གང་ཡང་མ་རེད།

གང་ལྟར། སྐྱེ་བོ་སྒེར་ལ་སྒེར་གྱི་ལྟ་ཚུལ་དང་སྒེར་གྱི་ཉམས་མྱོང་བཅས་ཡོད་དུས། ངས་ཀྱང་ཉིད་ཀྱི་ལྟ་ཚུལ་ལ་གུས་བཀུར་དང་དགའ་ཞེན་ཡོད་ལ། ཉིད་ཀྱི་འཚོ་བ་ཡང་རང་དབང་དང་ཐོབ་ཐང་ཡོད་པ་ཞིག་སྐྱེ་བཞིན་དེ་ལ་དགའ་བསུ་ཡོད། རེད་དེ། འུ་ཅག་ཟ་ལེ་རྒྱལ་དག་གིས་དཀྲུས་ན་མི་དག་ལ། ཨ་སྒོར་འབུམ་ཕྲག་ཁ་ཤས་ཤིག་བྱིན་ཡང་ཉོ་ཐུབ་མེད་པའི་ནག་ཉེས་ཤིག་བསགས་ཡོད་པ་དེ་ནི། རིགས་རུས་ལ་འགན་མ་བླངས་པ་དེ་ཡིན། ཡོང་སྲིད་པའི་བུ་ཕྲུག་དག་གིས་ཀྱང་བོད་སྐད་མི་ཤེས་ལ། ཤེས་ཀྱང་བོད་ཞེན་ཆུང་བ། བོད་མི་རིགས་ཀྱི་འཆི་གསོན་ལ་འགན་འཁྲི་ཡོད་པ་ཞིག་ཆགས་རྒྱུ་དེ་ནི་དངོས་ནས་ཁག་པོ་་རེད་དམ། དེ་དག་ལ་བསམ་བློ་ཞིབ་མོ་བཏང་དུས། ང་ཚོ་ནི་རང་ཉིད་ཀྱི་མི་རིགས་ཀྱི་ནག་ཅན་པ་ཆགས་ཡོད་པ་རེད།

དེ་ནས་དུས་རབས་གསར་བའི་བྲན་གཡོག་ཟེར་བའི་སྐོར་ལ་ཞུས་ན། ང་ཚོ་ནི་དུས་རབས་གསར་བའི་བྲན་གཡོག་ཆགས་པ་དེ་ནི། ལས་ཀ་ཤེས་མིན་དེ་གཅིག་བུ་མ་ཡིན་པར། རང་དབང་མེད་པའི་མི་རིགས་ཡིན་པ་དང་། རྒྱལ་ཁབ་མེད་པའི་བྲོས་བྱོལ་བ་བཅས་ཡིན་དུས། སུ་ཞིག་ལ་རྒྱལ་ཁབ་མེད་པ་དེ་ནི་དུས་རབས་གསར་བའི་བྲན་གཡོག་དུ་ཆགས་ཡོད་ལ། ཉིད་ཀྱིས་དྲངས་པའི་ཕྱི་རྒྱལ་གྱི་བྲན་གཡོག་དུ་འབོད་པའི་དུས་རབས་དེ་མཇུག་རྫོགས་ཡོད་ཀྱང་། འུ་ཅག་གིས་འགྲིམ་བཞིན་པའི་དུས་རབས་འདི་ནི་བྲན་གཡོག་ཡིན་པ་ངོ་མ་ཡིན། རྒྱུ་མཚན་ནི་ང་ཚོ་བོད་མི་ཡིན་ལ། བོད་མི་ལ་བོད་མིས་ཐོབ་ཐང་མེད། ཐོབ་ཐང་མེད་དུས་ཀྱི་མི་དེ་ནི་བྲན་གཡོག་ཆགས་ཡོད།

ད་རེབས་ཉིད་ལ་ཚིག་རྩོད་བྱས་པ་མིན་ལ། ང་རང་སྒེར་གྱི་ལྟ་ཚུལ་ཙམ་ཞུས་པ་ཡིན། ཉིད་ཀྱིས་གསུངས་པ་དེེར་ངོ་རྒོལ་ཡང་བྱས་མེད། སྤུན་གྱི་འདང་བརྩེ་ལ་ཡང་མ་ཤི་བར་དུ་འགྱུར་བ་འགྲོ་མི་སྲིད། ལྷག་པར་དུ་ཉིན་ནས་དང་དུ་བླངས་དེ་ཉལ་ས་དྲོ་ཡང་སེམས་པ་འཁྱག་ཟེར་བ་དེ་ཡི་སྐོར་ལ་རྩོམ་ཡིག་་བྲིས་པ་དགའ་ནས་ངས་ཀྱང་ཤར་མར་དྲ་ཐོག་ནས་ཁྱེད་ལ་འདི་ལ་སྤྲིངས་པ་ཡིན།

བསམ་ཚུལ་ག་རེ་ཡིན་ཡང་གླེང་ཆོག་པ་དེ་ནི་འུ་གཉིས་ཀྱིས་ལུགས་སྲོལ་ཡིན་དུས། ཁྱེད་རང་གི་སེམས་ལ་མི་གནོད་པ་ང་རང་ཡིད་ཆེས་ཡོད། རྗེས་མར་འདི་ལྟར་ག་རེ་གསུང་རྒྱུ་ཡོད་ན་དགའ་བསུ་གྲངས་མེད་ཞུ།

Share this:
༤༧ ཀློག་གྲངས།