རྒྱ་གར་རྒྱ་ནག་ལས་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཏུ་འགྱུར་རྒྱུ་ཡིན་འདུག 

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་སྙན་ཐོར་གསར་པ་ལྟར་ན། ལོ་བཅུའི་ནང་ཚུན་དུ་རྒྱ་གར་རྒྱ་ནག་ལས་ཀྱང་བརྒལ་ནས་འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཏུ་འགྱུར་རྒྱུ་ཡིན་འདུག

ད་ལྟའི་ཆར་འཛམ་གླིང་ཧྲིལ་པོའི་མི་འབོར་ཐེར་འབུམ་7.7 ཙམ་གྱི་བརྒྱ་ཆ 37 ཡས་མས་ཤིག་རྒྱ་དཀར་ནག་གཉིས་ཀྱིས་ཟིན་ཡོད་པ་དང། ད་ལྟའི་ཆར་རྒྱ་ནག་ནང་མི་འབོར་ཐེར་འབུམ 1.4 དང་། རྒྱ་གར་ནང་ཐེར་འབུམ 1. 3 ཡོད། ཡིན་ན་ཡང་། ཟླ་འདིའི་ཚེས་17 ཉིན་ཕྱིར་བསྒྲགས་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི 2019 ལོའི་འཛམ་གླིང་མི་འབོར་སྔོན་དཔག་སྙན་ཐོ་ལྟར་ན། 2027 ནང་ཚུན་དུ་རྒྱ་གར་ནང་རྒྱ་ནག་ལས་ཀྱང་མི་འབོར་མང་བ་ཡོད་པ་མ་ཟད། 2050 ནང་ཚུན་དུ་མི་འབོར་འཕེལ་རྒྱས་ཀྱི་ཧེ་བག་དེ་སྔར་བས་ཀྱང་ཆེ་རུ་འགྱུར་རྒྱུ་ཡིན་འདུག

སྙན་ཐོ་དེའི་ནང “2019 ནས 2050 བར་དུ་ལུང་པའམ་ས་ཁུལ 55 ཡི་མི་འབོར་མ་མཐར་ཡང་བརྒྱ་ཆ་གཅིག་གིས་ཉུང་དུ་འགྲོ་རྒྱུ་ཡིན་འདུག”ཅེས་བཀོད་ཡོད་ཅིང་། དེའི་རྒྱུ་མཚན་གཙོ་བོ་ནི་སྐྱེ་འཕེལ་གྱི་ཚད་དམའ་བ་དང་། ཡང་ས་ཁུལ་འགའ་ཤས་སུ་གནས་སྤོ་ཚད་མཐོ་བ་བཅས་ཀྱིས་ཡིན་འདུག

འདི་དག་ཐམས་ཅད་ཀྱི་ཁྲོད་ནས་མི་འབོར་མང་ཤོས་ཡིན་པའི་རྒྱ་ནག་གི་མི་འབོར་དེ་ས་ཡ 31. 4 འམ་བརྒྱ་ཆ 2.2 ཙམ་ཉུང་དུ་འགྲོ་བའི་ཚོད་དཔག་བྱས་པ་དང་། བརྒྱ་ཆ་གཉིས་ཉུང་དུ་ཕྱིན་པ་དེས་རྒྱ་ནག་གི་མི་འབོར་དེ་ཐེར་འབུམ 1.1 བཟོ་ངེས་པ་དང་། དེ་ནི་རྒྱ་གར་གི་སྔོན་དཔག་བྱས་པའི་མི་འབོར 1.5 ལས་ཉུང་བ་འདུག

སྙན་ཐོ་དེས་ད་དུང་ཕྱི་ལོ 2050 ནང་ཚུན་དུ་གོ་ལ་ཧྲིལ་པོའི་མི་འབོར་དེ་ཐེར་འཐུམ 9.7 ཆགས་པའི་སྔོན་དཔག་བྱེད་ཀྱི་ཡོད་ཅིང་། དེ་ནི་དུས་རབས་གཅིག་ཁོ་ནའི་ནང་བྱུང་བའི་མི་འབོར་འཕེལ་ཚད་ཧ་ལས་པ་ཞིག་ཡིན་པ་དང་། ཕྱི་ལོ 1950 ལོར་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ལྔ་ཕྱིན་པའི་རྗེས་སུ་འཛམ་གླིང་གི་མི་འབོར་དེ་ཐེར་འབུམ 2.6 ཟིན་ལ་མ་ཟིན་ཙམ་ལས་མེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་སྐྱེ་འཆིའི་གྲངས་འབོར་རེའུ་མིག་དང་། གནས་སྤོའི་ཁ་གྲངས་བཀོལ་ནས་སྙན་ཐོ་དེ་བཟོ་ཡི་ཡོད་ཅིང་། དེའི་དམིགས་ཡུལ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས 2030 ལོ་ཕུགས་བརྟན་ཅན་གྱི་ཡར་རྒྱས་ལ་བརྩོན་པ་དང་སྦྲགས། འཛམ་གླིང་སྲིད་གཞུང་རྣམས་ལ་གནས་ཚུལ་མཁོ་སྤྲོད་བྱེད་རྒྱུ་དེ་ཡིན་པ་རེད།  རྒྱ་ནག་གིས་ལོ་མང་རིང་མི་འབོར་ཉམས་རྒུད་འགྲོ་བཞིན་པའི་དཀའ་ངལ་དེ་སེལ་ཐབས་བྱས་དང་བྱེད་མུས་སུ་ཡོད་པ་དང་། རྒྱ་ནག་རྒྱལ་ཁབ་ཀྱི་མི་འབོར་དེ་མྱུར་བར་ལོ་རྒས་བ་དང་སྐྱེ་འཕེལ་གྱི་གྲངས་ཚད་མར་འཆག་བཞིན་ཡོད་སྟབས། བཟའ་ཚང་རྣམས་བུ་ཕྲུག་མང་ཙམ་སྐྱེ་དགོས་པའི་སྐུལ་མ་གཏོང་ཆེད་པེ་ཅིང་སྲིད་གཞུང་གིས་ཐ་ན་ངན་གྲགས་ཆེ་བའི་འཆར་ལྡན་བུ་ཚའི་སྲིད་བྱུས་མེད་པ་བཟོས་ཡོད་པ་རེད། ཡིན་ན་ཡང་། ཇེ་མང་ནས་ཇེ་མང་དུ་གྲོང་ཁྱེར་ལ་འཚོ་སྡོད་བྱེད་བཞིན་པའི་མི་འབོར་ལ་འཚོ་བའི་འགྲོ་སྒོ་ཇེ་མཐོར་འགྲོ་བའི་པའི་དཀའ་ངལ་འཕྲད་ཀྱི་ཡོད་པས། སྐྱེ་འཕེལ་གྱི་གྲངས་ཚད་མང་དུ་གཏོང་བའི་འབད་བརྩོན་དེ་ལེགས་གྲུབ་བྱུང་མེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་དེས་རྒྱ་གར་རྒྱ་ནག་ལས་བརྒལ་ངེས་པ་མ་ཟད། ད་དུང་ 2050 ནང་ཚུན་དུ་ནཱ་ཇུ་རི་ཡ (Nigeria) ཨ་རི་ལས་བརྒལ་ནས་མི་འབོར་མང་ཤོས་གསུམ་པར་གྱུར་ཏེ་མི་འབོར་ས་ཡ 733 ཡོང་ངེས་ཚུལ་བརྗོད་འདུག མི་འབོར་ས་ཡ 434 ལྡན་པའི་ཨ་རི་ཨང་རིམ་བཞི་པར་ལྷུང་རྒྱུ་ཡིན་པ་དང་། པ་ཀི་སི་ཐན་སྔར་རྒྱུན་ལྟར་ཨང་རིམ་ལྔ་པར་གནས་རྒྱུ་ཡིན་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གནད་དོན་གྱི་དྲུང་ཆེ་གཞོན་པ་ལོའུ་ཤན་མན (Liu Zhenmin) གྱིས “མི་འབོར་འཕེལ་རྒྱས་ཆེ་ཤོས་ཀྱི་ས་ཁུལ་མང་པོ་ཞིག་རྒྱལ་ཁབ་སྐྱོ་ཤོས་ནང་ཡོད་ཅིང་། མི་འབོར་འཕེལ་བ་དེས་དཀའ་ངལ་འཐོལ་པ་འདྲེན་གྱི་ཡོད”ཅེས་བརྗོད་འདུག

སྙན་ཐོ་དེའི་ནང་དུ 2050 ནང་ཚུན་ལ་སྔོན་དཔག་བྱས་པའི་འཛམ་གླིང་གི་མི་འབོར་འཕེལ་རྒྱས་དེའི་ཕྱེད་ཀ་ལྷག་ཅིག་རྒྱལ་ཁབ་དགུ་ཁོ་ནའི་ནང་འདུས་སྡོད་བྱ་རྒྱུ་ཡིན་ཚུལ་འཁོད་ཡོད་ཅིང་། རྒྱལ་ཁབ་དགུ་པོ་ནི། རྒྱ་གར་དང་། ནཱ་ཇུ་རི་ཡ། པ་ཀི་སི་ཐན། ཁོན་གྷོ། (Congo) ཨི་ཐོ་ཕི་ཡ། (Ethiopia) ཐྲན་ཛི་ནི་ཡ། (Tanzania) ཨིན་དྷོ་ནི་ཤི་ཡ (Indonesia) ཨི་ཇིབ། (Egypt) ཨ་རི་བཅས་ཡིན།

ད་ལྟའི་འཛིན་གླིང་གི་འགྱུར་འགྲོས་ཆེ་ཤོས་ཁྲོད་དུ་མི་འབོར་ཉུང་དུ་འགྲོ་བ་དང་། ཡང་ཚེ་ཚད་རིང་དུ་ཕྱིན་པ་ལ་བརྟེན་ནས་ལོ་ན་རྒས་པའི་མི་འབོར་སྔར་བས་ལྡབ་ཀྱིས་མང་བ། དབུལ་ཕྱུག་བར་གྱི་ཧེ་བག་ཆུང་དུ་འགྲོ་བཞིན་པ་བཅས་ཡིན་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།

Share this:
༩༥༢ ཀློག་གྲངས།