གཞོན་ལྷན་དང་བོད་ཀྱི་མ་འོངས་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༥༦  ཕྱི་ལོ་ ༢༠༡༩/༦ /༡༩

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་ཕྱི་ལོ་༡༩༧༠ ལོར་གསར་འཛུགས་བྱས་པ་ནས་བཟུང་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་དང་། མི་མང་གི་ངོས་ནས་རེ་བ་ཆེ་ཤོས་བྱེད་ཡུལ་གྱི་ཚོགས་པ་ཞིག་ཏུ་གྱུར་ཡོད། ཐོག་མ་གསར་འཛུགས་བྱེད་མཁན་ཚང་མ་རྗེས་སུ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་དང་། བཀའ་བློན་གནང་མཁན་འབའ་ཞིག་ཏུ་གྱུར་ཡོད་ཅིང་། ལོ་རྒྱུས་ནང་སྐབས་རེར་བོད་ཀྱི་གཞོན་ལྷན་དབུས་རྒྱུན་གྱི་ལས་དོན་བྱེད་བཞིན་པར། བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ཀྱི་གནས་བབས་མཚམས་འཇོག་མི་དགོས་པའི་དུས་ཚོད་ཀྱང་བྱུང་མྱོང་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་སྔ་ཕྱིར་གནང་མཁན་མང་པོ་ཞིག་བཀའ་བློན་དང་སྤྱི་འཐུས་ཀྱི་ཁོངས་སུ་ཕེབས་ཡོད་པ་དང་། གཞུང་ཞབས་ཀྱི་ཁོངས་ནས་དྲུང་ཆེའི་བར་དུ་ཕེབས་མཁན་ཡང་ཧ་ཅང་མང་པོ་ཡོད། ད་ལྟའི་ཆར་ཡང་བཀའ་ཤག་ནང་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན། འཕྲོད་བསྟེན་བཀའ་བློན་གསུམ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་གནང་མྱོང་མཁན་ཡིན།

དེ་ལྟ་བུའི་ཚོགས་པ་གལ་གནད་ཆེན་པོ་དེ་སྔོན་དང་བསྡུར་ན་ད་ལྟའི་ཆར་ནུས་པ་དང་སྤོབས་པ་ཅུང་ཞན་དུ་སོང་ཡོད་ནའང་། ད་དུང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞན་དང་བསྡུར་ཐབས་མེད་པ་ནི་ཕྱོགས་གང་ནས་བལྟས་ཀྱང་གསལ་པོ་རེད། རྒྱ་གར་ལྷོ་ཕྱོགས་ཁུལ་ནས་བོད་ཀྱི་ས་གནས་གཞོན་ནུའི་ནང་འགན་ཁུར་མཁན་བགྲེས་སོང་ཁག་ཅིག་གིས་སྣེ་ཁྲིད་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་བསྒྱུར་དགོས་ཚུལ་བརྗོད་དེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནང་ཁུལ་དུ་གླེང་ཕྱོགས་དང་རྩོད་གཞི་སྣ་ཚོགས་ཤིག་བྱུང་ཡོད་པ་དང་། ད་ལྟའི་ཆར་ཡང་བགྲེས་སོང་ཁག་ཅིག་གིས་གཞོན་ནུའི་མིང་ཁུར་ནས་མུ་མཐུད་མཁྲེགས་འཛིན་བྱེད་བཞིན་ཡོད། སྤྱིར་ས་གནས་ཁ་ཤས་སུ་འགན་ཁུར་མཁན་མེད་པར་ལོ་ན་རྒན་པ་ཁ་ཤས་ཀྱིས་འགན་ཁུར་མི་ལེན་ཀ་མེད་ཡོད་སྲིད་ཀྱང་། ས་གནས་ཆེ་ཁག་ཏུ་གཞོན་ནུ་ལྷན་ཚོགས་ཞེས་པ་དེ་ན་གཞོན་མིང་དོན་མཚུངས་པ་ཞིག་དགོས་པ་དེ་གལ་ཆེན་པོར་ཡོད་པ་ལས། ད་དུང་བགྲེས་སོང་འབའ་ཞིག་གིས་མཁྲེགས་འཛིན་གནང་བ་འདི་འོས་འཚམ་ཞིག་ཏུ་མཐོང་དཀའ།

གཞོན་ནུ་ནང་ཁུལ་གྱི་དཀའ་ངལ་ཙམ་མ་ཡིན་པར་རྒྱ་དམར་དྲག་པོའི་གཞུང་གི་ངོས་ནས་དུས་རྒྱུན་དོ་སྣང་དང་ཁ་གཏད་གཅོག་ཡུལ་ཆེ་ཤོས་སུ་བརྩི་བ་དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཡིན་པས། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ནུས་པ་ཆུང་དུ་གཏོང་ཐབས་ཀྱི་འབད་བརྩོན་ཕྱོགས་གང་ས་ནས་བྱེད་བཞིན་ཡོད་པ་ནི་སྨྲོས་མི་དགོས་པ་རེད། དེར་བརྟེན་མ་འོངས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི། རྒྱ་དམར་གཞུང་ལ་ཁ་གཏད་གཅོག་དགོས་ནའང་འདྲ། བོད་པ་ནང་ཁུལ་ནས་མགོ་ཁྲིད་སྐྱེད་སྲིང་བྱེད་དགོས་ནའང་འདྲ། ནུས་པ་དང་རིན་ཐང་ཡོད་པའི་ཚོགས་པ་ཞིག་གི་གནས་བབས་བསྐྱར་གསོ་དང་། རྒྱུད་འཛིན་བྱེད་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད། ད་དུང་ཕྱོགས་གཅིག་ནས་བཤད་ན་གཞོན་ནུ་ཚོགས་པའི་ཚོགས་མི་ཡང་ན་གཞོན་ཡིན་དགོས་པ་ལས། མི་རྒན་མང་པོ་སྔོན་མ་གཞོན་ནུའི་ཚོགས་མི་བྱེད་མྱོང་བ་ཙམ་གྱིས་དབུས་ས་གང་རུང་ནས་རྒྱུན་ལས་ཀྱི་འགན་ཁུར་བཞེས་མི་དགོས་པར། ན་གཞོན་གསོ་སྐྱོང་དང་ནུས་པ་སྐྱེད་སྲིང་གི་ཕྱོགས་ལ་བསམ་བློ་གཏོང་དགོས།

དཔེར་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་སམ་དམིགས་ཡུལ་གཙོ་བོ་གཅིག་བོད་རང་བཙན་སླར་གསོ་བྱ་རྒྱུ་དེ་ཡིན་པས། ཚོགས་པ་འདིས་སྣེ་ཁྲིད་ནས་བོད་རང་བཙན་སླར་གསོའི་དམིགས་ཡུལ་ཡོད་པ་ཡོངས་ཀྱི་སྤྱི་ཁྱབ་ལྟ་བུ་དང་། བོད་རང་བཙན་སླར་གསོའི་ལས་འགུལ་གྱི་སྣེ་ཁྲིད་པ་ལྟ་བུ་ཞིག་ཏུ་འགྱུར་ཐབས་བྱེད་དགོས་པ་ལས། རང་བཙན་དང་འབྲེལ་བའི་ཚོགས་པ་འདི་དང་མཉམ་དུ་འབྲེལ་བ་བྱེད་རྒྱུ་མིན་ཞེས་གྲོས་ཆོད་བཞག རང་བཙན་གྱི་ཚོགས་ཆེན་དེ་འདྲ་གཞན་གྱིས་གོ་སྒྲིག་བྱས་པའི་སྐབས་སུའང་དབུས་རྒྱུན་ཕལ་ཆེ་བ་གཞུང་སྒེར་གཉིས་ངོས་ནས་ཕེབས་མེད་པ་སོགས། ང་ཚོ་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཡག་པོ་དང་། གཞན་དག་འབྲེལ་བ་བྱེད་མི་རུང་ས་ཞིག་ཡིན་པ་ལྟ་བུའི་རྣམ་འགྱུར་བསྟན་པ་ནི། འོས་འཚམ་ཞིག་གཏན་ནས་མིན་པ་དང་། དཔེར་ན་ཕྱི་ལོ་༢༠༡༨ ལོར་བཞུགས་སྒར་དུ་འཚོགས་པའི་རང་བཙན་ཚོགས་ཆེན་ལ་གཞོན་ལྷན་གྱི་དབུས་རྒྱུན་ཕལ་ཆེ་བ་ཕེབས་མེད་ཀྱང་། ཚོགས་ཞུགས་པ་ཡོངས་ལ་༧གོང་ས་མཆོག་གིས་ནི་མཇལ་ཁ་གནང་ཡོད་པ་ལྟ་བུ་རེད།

མདོར་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བོད་ཀྱི་མ་འོངས་པའི་སྣེ་ཁྲིད་མཁན་དང་། ཚོགས་པའི་རྩ་དོན་མ་བོར་བའི་ཐོག་ནས་ད་ལྟའི་ཆར་བོད་རང་བཙན་སླར་གསོ་བྱ་རྒྱུའི་ལངས་ཕྱོགས་འཛིན་མཁན་ཚང་མའི་སྣེ་ཁྲིད་མཁན་ཞིག་ཏུ་འགྱུར་དགོས་པ་ལས། འཛེམས་ཟོན་བྱ་རྒྱུ་མང་དྲགས་སོང་ན། ལངས་ཕྱོགས་མི་གཅིག་པ་རྣམས་ཀྱིས་རྒྱབ་སྐྱོར་ཚད་ལྡན་ཞིག་མེད་པ་སྨྲོས་མི་དགོས་པ་དང་། ལངས་ཕྱོགས་གཅིག་པའི་རྒྱུན་ཟུར་དང་ཚོགས་མི་སོགས་དང་ཡང་རང་བཞིན་གྱིས་བར་ཐག་རིང་དུ་སོང་ན། མ་འོངས་པར་ཚོགས་མི་གསར་ཞུགས་དང་ནུས་ལྡན་གྱི་ལས་འགུལ་ཁག་ལའང་ནུས་པ་ཡོད་པའི་རྒྱབ་སྐྱོར་ཉུང་དུ་འགྲོ་སྲིད་པས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གི་ངོ་བོ་དང་གནས་སྟངས་ངོ་ཤེས་པའི་ཐོག་ནས་འཛེམས་ཟོན་འབའ་ཞིག་གནང་བ་ཙམ་མ་ཡིན་པར་ཕྱོགས་ཡོངས་ལ་བསམ་བློ་གཏོང་དགོས་པ་གལ་ཆེ་སྙམ། སྐབས་རེ་འཛེམས་ཟོན་ནམ་ངོ་སྲུང་བྱ་རྒྱུ་ཚད་ལས་བརྒལ་སོང་ན་དོན་གྱིས་ཚོགས་པའི་མཚན་མཐོང་དང་ནུས་པ་ལ་ཤུགས་རྐྱེན་ལྡོག་ཕྱོགས་ནས་ཐེབས་མི་སྲིད་པ་མ་རེད་སྙམ།།

Share this:
༥༤༤ ཀློག་གྲངས།