ཧོང་ཀོང་གི་གནད་དོན་དང་བོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༥༧ ཕྱི་ལོ་ ༢༠༡༩/༦ /༢༦  

ཕྱི་ལོ་༡༩༩༧ ཟླ་༧ ཚེས་༡ ཉིན་དབྱིན་ཇི་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་དང་། དེ་ནི་རྒྱ་ནག་ལ་མཚོན་ན་རྒྱལ་ཁ་ཞིག་ཏུ་བརྩིས་ཡོད་ལ། རྒྱལ་སྤྱིའི་ཐོག་ནས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲད་པ་དེས་ཧོང་ཀོང་གི་མང་གཙོ་དང་རང་དབང་གི་ལམ་ལུགས་བརྒྱུད་ནས་རྒྱ་ནག་ནང་འགྱུར་བ་ཞིག་འགྲོ་ཐུབ་པའི་རེ་བ་རྒྱག་མཁན་ཡང་བྱུང་ཡོད། འདས་པའི་མི་ལོ་ཉི་ཤུ་ལྷག་གི་རིང་ཧོང་ཀོང་གི་གནས་སྟངས་དངོས་ལ་བལྟས་ན། རྒྱ་ནག་ནང་ཧོང་ཀོང་གི་ཤུགས་རྐྱེན་སླེབས་ནས་མང་གཙོའི་ལམ་ལུགས་སུ་བསྐྱོད་ཐུབ་པའི་སྔོན་བརྡ་གང་ཡང་མེད་པ་དང་། ཧོང་ཀོང་ནང་རྒྱ་ནག་གི་ཤུགས་རྐྱེན་སླེབས་ནས་རང་དབང་གི་གནས་བབས་མང་པོ་ཞིག་ལ་ཕྱོགས་ཡོངས་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། འདས་པའི་ལོ་ལྔ་དྲུག་ཙམ་གྱི་ནང་ཧོང་ཀོང་ནང་ཉི་གདུགས་ཀྱི་ལས་འགུལ་སོགས་མང་པོ་བྱུང་ཡོད་ལ། ཉེ་ཆར་ཧོང་ཀོང་གི་སྤྱིའི་མི་འབོར་ས་ཡ་བདུན་ཙམ་ལས་ས་ཡ་གཉིས་ལྷག་ཁྲོམ་གཞུང་དུ་ཐོན་ནས་ངོ་རྒོལ་བྱེད་དགོས་ཐུག་པ་སོགས་ནི་རྒྱ་ནག་གི་སྟངས་འཛིན་འོག་ཧོང་ཀོང་གི་གནས་སྟངས་ར་སྤྲོད་བྱས་པ་ཞིག་རེད།

འོན་ཀྱང་ཉེ་ཆར་ཧོང་ཀོང་ནང་མི་འབོར་ས་ཡ་གཉིས་ལྷག་གིས་ངོ་རྒོལ་བྱེད་ཐུབ་པ་དེ། རྒྱ་ནག་དང་བསྡུར་ན་དེ་ལྟ་བུའི་ཁོར་ཡུག་ཅིག་ཡོད་པ་དེ་ཡང་། ཧོང་ཀོང་གི་རང་དབང་མང་གཙོའི་དབུགས་རྔ་ཙམ་ལྷག་ཡོད་པའི་གནས་སྟངས་དེ་མཐོང་ཐུབ་པ་དང་། གལ་སྲིད་རྒྱ་ནག་ནང་མི་འབོར་ཕོན་ཆེན་པོ་དེ་འདྲས་ངོ་རྒོལ་བྱས་ན་ད་ལན་ཡང་དྲག་པོའི་ཐོག་ནས་རྒོལ་རྡུང་བཏང་སྟེ། མི་མང་པོའི་ཚེ་སྲོག་ཤོར་ཡོད་པ་དང་། བཙོན་ཁང་ཡང་མི་མང་གིས་ཁེངས་ཡོད་ངེས་རེད། ཉེ་ཆར་ཧོང་ཀོང་གི་ངོ་རྒོལ་ནང་རྒྱ་ནག་དང་བསྡུར་ན་གནས་སྟངས་སྡུག་པོ་དེ་ཙམ་བྱུང་མེད་པ་ནི། དུས་ཡུན་རིང་པོའི་ནང་ཧོང་ཀོང་དུ་མང་གཙོའི་ལམ་ལུགས་དར་ཁྱབ་བྱུང་ཡོད་པ་དང་། དཔལ་འབྱོར་གྱི་གནས་བབས་ཐོག་ནས་ཡར་རྒྱས་ཡོད་པ། ཧོང་ཀོང་ནི་འཛམ་གླིང་གི་ཁོར་ཡུག་ཀུན་ཏུ་འབྲེལ་འདྲེས་ཤུགས་རྐྱེན་ཆེ་བ་སོགས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་གཞིགས་ན། རྒྱ་གཞུང་གི་ངོས་ནས་དྲག་གནོན་བྱ་རྒྱུའི་བསམ་བློ་ཡོད་ཀྱང་། རྒྱ་ནག་ནང་ཁུལ་དང་བསྡུར་ན་གནས་སྐབས་ངང་འཐེན་མི་བྱེད་ཀ་མེད་ཀྱི་རྒྱུ་རྐྱེན་དུ་མ་ཞིག་ཡོད་པ་རེད།

ཧོང་ཀོང་གི་གནས་སྟངས་དང་བོད་ཀྱི་གནད་དོན་གཉིས་བསྡུར་ནས་བལྟས་ན་མི་འདྲ་ས་མང་པོ་ཞིག་ཡོད་པ་དང་། བོད་པའི་ངོས་ནས་མ་འོངས་པར་རྒྱུན་འཁྱོངས་གསུམ་ཁས་ལེན་པའི་ཐོག རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཤིག་རྩོད་བཞིན་པ་དེ་མ་འོངས་པའི་འཆར་གཞི་དང་རེ་བ་ཡིན་པ་དང་། ད་ལྟའི་ཆར་བོད་ས་ཡོངས་རྫོགས་རྒྱ་དམར་གཞུང་གི་དབང་བསྒྱུར་འོག་ཡོད་པ་དེ་ད་ལྟའི་གནས་སྟངས་རེད། འདས་པའི་ལོ་རྒྱུས་ནང་བོད་རང་བཙན་གྱི་གནས་བབས་དེ་གསལ་པོ་ཡོད་ནའང་། དེ་ནི་འདས་ཟིན་པའི་ལོ་རྒྱུས་ཙམ་རེད། ཧོང་ཀོང་ལ་རྩ་བས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་བཞིན་རང་སྐྱོང་གི་གནས་བབས་ཡོད་པ་དང་། ད་ལྟའི་ཆར་སྟངས་འཛིན་དང་དམ་དྲག་ཡོད་མེད་ལ་མ་ལྟོས་པར་མང་གཙོའི་ལམ་ལུགས་ཤིག་ཡོད་པ་དེ་ཡང་དམིགས་བསལ་གྱི་གནས་སྟངས་ཤིག་ཏུ་གྱུར་ཡོད། དེར་བརྟེན་རྒྱུན་འཁྱོངས་གསུམ་ཁས་ལེན་བྱས་ཟིན་པའི་བོད་ཀྱི་མ་འོངས་པའི་དགོས་འདུན་དེ་ཧོང་ཀོང་དང་བསྡུར་ན་ཧ་ཅང་ཚད་དམའ་བ་ཡོད།

ད་དུང་ཧོང་ཀོང་གི་གནས་སྟངས་ཐོག་ནས་བལྟས་ན་མ་འོངས་པར་བོད་ཀྱི་གནད་དོན་ང་རང་ཚོའི་དགོས་འདུན་བཞིན་ཐག་གཅོད་བྱེད་ཐུབ་པའི་དབང་དུ་བཏང་ཡང་། ཐག་གཅོད་དེ་གནས་སྐབས་ཡིག་ཐོག་ཏུ་འཁོད་པ་ཙམ་ལས་ཁ་བཤད་ལག་ལེན་དུ་འཁེལ་མི་སྲིད་པ་ནི། འདས་པའི་ལོ་རྒྱུས་ནང་གྲོས་མཐུན་དོན་ཚན་བཅུ་བདུན་དེ་རྒྱ་དམར་གཞུང་གི་དགོས་མཁོ་གཞི་རྩར་བཟུང་ནས་གཏན་འབེབས་བྱས་པ་ཞིག་ཡིན། འོན་ཀྱང་ཕྱི་ལོ་༡༩༥༡ ནས་༡༩༥༩ བར་ལག་བསྟར་བྱས་མེད་པ་སྐབས་དེའི་གནས་སྟངས་ལ་དངོས་ལ་བལྟས་ན་ཤེས་ཐུབ་པ་ཞིག་ཡིན་པ་མ་ཟད། ཧོང་ཀོང་གི་འདས་པའི་མི་ལོ་༢༢ ཙམ་གྱི་གནས་སྟངས་ལ་ཕྱི་མིག་ཅིག་བལྟས་ཀྱང་། རྒྱ་གཞུང་གི་སྲིད་བྱུས་དང་བྱེད་སྟངས་ནི་ཀོ་བ་རློན་པའི་ཞྭ་མོ་དང་གཅིག་མཚུངས་བཞིན་ཐོག་མ་ཅུང་ཙམ་ལྷོད་པའི་རྣམ་པ་ལྟ་བུ་ཡོད་ཀྱང་རིམ་པས་དམ་ནས་དམ་དུ་འགྲོ་གི་ཡོད་པས། ང་ཚོའི་མ་འོངས་པའི་གནས་སྟངས་གསལ་པོར་གྱུར་ཡོད།

མདོར་ན་ད་ལྟའི་ཆར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གང་ཐད་ནས་རྒྱ་གཞུང་ལ་བསྟུན་མཁས་དང་། མ་འོངས་པར་བོད་རྒྱ་གཉིས་དབར་མི་གསོད་ཁྲག་སྦྱོར་མེད་པར་ཞི་བའི་ཐོག་ནས་གྲོས་མོལ་ཡོང་ཐུབ་པའི་རེ་བ་བརྒྱབ་ཡོད་ཀྱང་། རྒྱ་གཞུང་གིས་དེ་ལ་བསམ་ཤེས་དང་ཡ་ལན་གཏན་ནས་བྱས་མེད་པས། ད་ལྟའི་གནས་སྟངས་འདི་ཉིད་ལ་ཕྱོགས་ཡོངས་ནས་བསམ་ཞིབ་བྱེད་དགོས་པའི་དུས་ཚོད་ཅིག་ཏུ་སླེབས་ཡོད། ད་ལྟ་བོད་དོན་ཙམ་དུ་མ་ཟད། ཧོང་ཀོང་དང་། ཤར་ཏུར་ཀི་སི་ཐན། སོག་པོ། མང་གཙོ་དོན་གཉེར་བ་སོགས་ཀྱི་གནད་དོན་མང་པོ་ཡོད་པ་དང་། ཉེ་ཆར་རྒྱ་ནག་ཧྲང་ཧེ་ལ་རང་བཙན་དགོས་པའི་བསམ་ཚུལ་ཞིག་ཀྱང་ཐོན་ཡོང་གི་འདུག དེར་བརྟེན་རྒྱ་གཞུང་གིས་བསམ་ཤེས་དང་གུ་ཡངས་བྱེད་ཀྱི་མེད་ནའང་། རྒྱ་དམར་གཞུང་གི་ལམ་ལུགས་དང་གནས་སྟངས་དེ་ཉིད་མི་འདོད་བཞིན་དུ་འགྱུར་ལྡོག་ཆེན་པོ་ཞིག་ཡོང་མི་སྲིད་པ་མིན་པས། བོད་པའི་ངོས་ནས་གོ་སྐབས་འཆོར་མི་རུང་བའི་གྲ་སྒྲིག་ཅིག་ངེས་པར་དུ་ཡོད་དགོས་སྙམ།།

Share this:
༥༧༢ ཀློག་གྲངས།