བོད་མི་གཞོན་སྐྱེས་རྐང་སྤོལ་རྩེད་མོ་བ་ཞིག་ལ་རྒྱ་ནག་གཞུང་གིས་དབྱེ་འབྱེད་བྱས་འདུག 

རྐང་སྤོལ་རྩེད་མོར་སྩལ་ཕུལ་བྱུང་ཡོད་མཁན་བོད་མི་རྐང་སྤོལ་རྩེད་མོ་བ་གཞོན་སྐྱེས་ཤིག་ལ། རྒྱ་ནག་གཞུང་གིས་རྒྱ་ནག་ཏུ་འཚོག་རྒྱུ་ཡིན་པའི་སྙན་གྲགས་ཅན་གྱི་རྩེད་འགྲན་ཞིག་ཏུ་མཉམ་ཞུགས་བྱེད་པར་ཐོངས་མཆན་དུས་འགྱངས་བྱས་རྐྱེན། རྐང་སྤོལ་རུ་ཁག་གིས་ཁོང་ཕྱིར་འཐེན་བྱེད་དགོས་འཁེལ་འདུག

ཟླ་༦ པའི་ཚེས་༢༩ ཉིན་ནིའུ་ཛི་ལན་ཌའི་བརྒྱུད་ལམ་ཁག་ཅིག་ཐོག་ཏུ་གནས་ཚུལ་སྤེལ་གསལ། ཕ་བོད་པ་ཡིན་པ་དང་མ་ནིའུ་ཛེ་ལན་ཌ་མི་སེར་ཡིན་པའི་རང་ལོ་༡༤ སོན་པའི་ན་གཞོན་རྐང་སྤོལ་རྩེད་མོ་བ་ཉི་མ་ཚེ་རིང་ཡཱོང་(Young)། རྒྱ་ནག་ཏུ་འཚོག་རྒྱུ་ཡིན་པའི་གྷོ་ཐེ་ཡ་རྐང་སྤོལ་འགྲན་སྡུར་ནང་དུ་མཉམ་ཞུགས་བྱེད་མཁན་ནིའུ་ཛེ་ལན་ཌའི་སྒེར་གྱི་རྐང་སྤོལ་རུ་ཁག་གཅིག་གིས་འདེམས་སྒྲུག་བྱས་འདུག་པ་དང་། རྩེད་འགྲན་དེ་ལ་འཛམ་གླིང་གི་གཞོན་སྐྱེས་རྐང་སྤོལ་འགྲན་སྡུར་ཞེས་ངོས་འཛིན་གྱིས་ཆེ་མཐོང་དང་སྙན་གྲགས་ཆེན་པོ་ཡོད་འདུག་ཀྱང་། རྒྱ་ནག་གཞུང་ཚབ་ཁང་གིས་རྩེད་མོ་བ་གཞན་ལ་ཐོངས་མཆན་སྤྲད་ཡོད་ཀྱང་། ཉི་མ་ཚེ་རིང་ལ་ཐོངས་མཆན་སྤྲད་རྒྱུ་དུས་འགྱངས་བྱས་ཡོད་ཁར། འབྲེལ་གཏུག་ཐེངས་མང་བྱས་རྗེས་གལ་ཏེ་ཁོང་གིས་རྒྱ་ནག་ནང་དུ་རྐང་སྤོལ་རྩེ་བ་ལས་བྱེད་སྒོ་གཞན་ནང་ཞུགས་རྒྱུ་མིན་པའི་ཁས་ལེན་གྱི་ཡི་གེ་བྲིས་ཚེ། ཐོངས་མཆན་སྤྲད་མིན་བསམ་བློ་གཏོང་སྲིད་སྐོར་བརྗོད་ཡོད་འདུག ཉི་མ་ཚེ་རིང་གིས་ཡི་གེ་འདི་འདྲ་ཞིག་འབྲི་རྩིས་བྱས་ཡོད་ཀྱང་། རྩེད་འགྲན་གྱི་དུས་ཚོད་སླེབས་ལ་ཉེ་བ་དང་བསྟུན། ཁོང་ལ་ཐོངས་མཆན་རག་མིན་ངེས་གཏན་མེད་རྐྱེན། རྩེད་འགྲན་རུ་ཁག་གིས་ཁོང་རུ་ཁག་ནས་ཕྱིར་འཐེན་བྱས་ཡོད་འདུག

ཁོང་གི་ཨ་མས་རྩེད་འགྲན་རུ་ཁག་ལ་འདེམས་ག་གཞན་ལྷག་མེད་པ་དང་། ཉི་མ་ཚེ་རིང་གི་ཕ་མ་གཅིག་བོད་པ་ཡིན་རྐྱེན་རྒྱ་ནག་གཞུང་གིས་ཁོང་ལ་དབྱེ་འབྱེད་བྱས་པ་ཡིན་པ། ནིའུ་ཛེ་ལན་ཌི་ལ་སྐྱེས་ནས་ལོ་ན་༡༤ སོན་པའི་རྐང་སྤོལ་རྩེ་མཁན་བུ་ཞིག རྒྱ་ནག་ལ་ཉེན་ཁ་ཆགས་རྒྱུ་མིན་པ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག དེ་བཞིན་ཁོང་གིས་གལ་ཏེ་རྒྱལ་ཁབ་དེར་སྐྱེས་པ་བུ་ཕྲུག་ཅིག་ལ་རྒྱ་ནག་གཞུང་གིས་དབྱེ་འབྱེད་དེ་འདྲ་བྱེད་ཀྱི་ཡོད་ན། བོད་ནང་གི་བོད་མི་ཚོའི་ཉིན་རེའི་འཚོ་བ་གང་འདྲ་ཡིན་མིན་ཐོག་གི་བསམ་བློ་དེ་སེམས་ལ་ལྗིད་པོ་བྱས་ནས་འཁོར་གྱི་ཡོད་སྐོར་བརྗོད་འདུག

རྩེད་འགྲན་རུ་ཁག་དེས་བརྒྱུད་ལམ་་ཁག་ཏུ་ལན་འདེབས་བྱེད་རྒྱུར་ངོས་ལེན་བྱས་མེད་ཁར། རུ་ཁག་དེར་དཀའ་ངལ་མི་འཕྲད་པའི་ཆེད་དུ་མིང་འབོད་མི་བྱེད་པའི་རེ་སྐུལ་བྱས་འདུག

དེ་སྔོན་ཉི་མ་ཚེ་རིང་གི་ཕ་མ་གཉིས་བོད་དུ་རྨོ་རྨོ་ནད་པ་ཆགས་སྐབས་ཐོངས་མཆན་ཞུས་སྐབས། དུས་འགྱངས་བྱས་ཏེ་དཀའ་ངལ་ཆེན་པོ་འཕྲད་ཡོད་འདུག་པ་དང་། མཐའ་མར་ཐོངས་མཆན་རག་ཡོད་འདུག་ཀྱང་། རྗེས་སུ་སྤུན་མཆེད་ཐུག་འཕྲད་ཆེད་ཐོངས་མཆན་ཞུས་སྐབས་སྤྲད་མེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༠༩༡ ཀློག་གྲངས།