ཧོང་ཀོང་དུ་ཉེན་རྟོག་པ་དང་ངོ་རྒོལ་བ་གཉིས་གདོང་ཐུག་ཤོར་འདུག 

ཕྱི་ཟླ་༧ ཚེས་༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལ། དེ་རིང་ཧོང་ཀོང་དབྱིན་ཇིའི་མངའ་འོག་ནས་རྒྱ་ནག་གི་མངའ་འོག་ཏུ་ཡོང་ནས་ལོ་ངོ་༢༢ འཁོར་བའི་དུས་དྲན་སྲུང་བརྩིའི་ཉིན། ཉེན་རྟོག་པས་ངོ་རྒོལ་བ་ཚོར་དྲག་པོའི་རྒོལ་རྡུང་བྱས་པའི་གནས་ཚུལ་ཐོན་འདུག

དེ་རིང་རེས་གཟའ་ཟླ་བའི་ཉིན་ཧོང་ཀོང་གྲོང་ཁྱེར་གྱི་སྤྱི་ཁྱབ་དཔོན་ཁེ་རི་ལེམ་(Carrie Lam) ལོ་རེའི་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོར་ཞུགས་སྐབས། ཉེན་རྟོག་པས་གཡེར་མའི་འཐོར་ཆུ་(Pepper Spray) གཏོར་ནས་ངོ་རྒོལ་བ་རྣམས་སྟངས་འཛིན་བྱས་འདུག

ཉེ་བའི་བདུན་ཕྲག་འགའི་རིང་མི་མང་ས་ཡ་མང་པོས་ཧོང་ཀོང་གི་མི་རྣམས་རྒྱ་ནག་སྐམ་ས་ཆེན་མོར་ཁྲིད་དེ་ཁྲིམས་ཐག་བཅད་ན་ཆོག་པའི་ཁྲིམས་འཆར་དེར་ངོ་རྒོལ་བྱས་སྟབས། གཞུང་གིས་ཁྲིམས་འཆར་དེ་དུས་ཡུན་ངེས་མེད་ལ་ཕར་འགྱང་བཏང་ཡོད་ཀྱང། མི་མང་འདུ་འཛོམས་ཀྱི་ངོ་རྒོལ་དེ་མུ་མཐུད་འབྱུང་བཞིན་ཡོད་ལ། སྤྱི་ཁྱབ་དཔོན་ཁེ་རི་ལེམ་དཔོན་གནས་ལས་དགོངས་པ་ཞུ་དགོས་པའི་འབོད་ཚིག་སྒྲོག་བཞིན་ཡོད་འདུག

མི་མང་གིས་བཏོན་པའི་དགོས་འདུན་ནང་རྩོད་རྙོག་ཅན་གྱི་ཁྲིམས་འཆར་དེ་ཡོངས་སུ་མེད་པ་བཟོ་དགོས་པ་དང་། སྤྱི་ཟླ་༦ ཚེས་༡༢ ཉིན་བྱུང་བའི་མི་མང་གི་ངོ་རྒོལ་འགྲེལ་བྱེད་དུ་”ཟིང་འཁྲུག་”ཅེས་པའི་ཐ་སྙད་བཀོལ་ཡོད་པ་དེ་ཕྱིར་འཐེན་དགོས་པ། འཛིན་བཟུང་བྱས་པའི་ལས་འགུལ་བ་ཐམས་ཅད་གློད་གྲོལ་དགོས་པ། ཉེན་རྟོག་པའི་དྲག་སྤྱོད་ལ་ཞིབ་དཔྱོད་དགོས་པ་བཅས་འདུས་ཡོད་འདུག

སྤྱི་ཁྱབ་དཔོན་གྱིས་དེ་རིང་རེས་གཟའ་ཟླ་བའི་ཉིན་སྤེལ་བའི་གཏམ་བཤད་ཁྲོད། སྤྱི་ཟླ་དྲུག་པའི་ནང་ལྷགས་པའི་དོན་རྐྱེན་དེ་དག་ལ་བརྟེན་ནས་མོས་མི་མང་གི་རེ་འདོད་ཉན་པའི་ཐོག་ལ་དུས་ཚོད་མང་ཙམ་གཏོང་རྒྱུ་གལ་ཆེན་པོ་ཡིན་པ་རྟོགས་སོང་བའི་སྐོར་བརྗོད་པ་མ་ཟད། ད་རུང”ངས་སློབ་གསོ་དེ་སེམས་ལ་བཟུང་ནས་སྲིད་གཞུང་གི་མ་འོངས་པའི་ལས་ཀ་བྱེད་ཕྱོགས་དེ་མི་མང་གི་བསམ་འཆར་དང་། རེ་འདོད། ཕུགས་འདུན་བཅས་ལ་ཁ་ཐག་ཉེ་བོ་བཟོ་རྒྱུ་ཡིན”ཞེས་སྨྲས་འདུག

མོ་གཞུང་གི་མཛད་སྒོ་ལ་རོལ་བའི་སྐབས། ངོ་རྒོལ་བ་རྣམས་ཀྱིས་ཉེ་འགྲམ་དུ་དེ་མཚུངས་ཀྱི་བྱེད་སྒོ་ཞིག་སྤེལ་བ་དང་། དར་ཆ་ནག་པོ་བསྒྲེངས་ནས་ཡུལ་དེར་རང་དབང་བརླག་རྒྱུར་འཇིགས་སྣང་སྐྱེ་བཞིན་པའི་རྣམ་འགྱུར་བསྟན་ཡོད་འདུག

ཧོང་ཀོང་ནི་ཕྱི་ལོ་༡༩༩༧ ལོ་ནས་བཟུང་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་སྲིད་བྱུས་འོག་རྒྱ་ནག་གི་ཆ་ཤས་སུ་གནས་ཡོད་ཅིང་། སྲིད་བྱུས་དེ་ལ་བརྟེན་ནས་ཧོང་ཀོང་དུ་ཁྲིམས་གཅོད་རང་དབང་ལྟ་བུའི་སྐམ་ས་ཆེན་མོར་མེད་པའི་རང་དབང་ཡོད།  འོན་ཀྱང་། ཉེ་ཆར་གྱི་ཁྲིམས་འཆར་དེས་ཧོང་ཀོང་གི་དམིགས་བསལ་གོ་བབ་དེ་རྡོག་རོལ་བཏང་བའི་སེམས་འཚབ་བྱུང་བས། མི་མང་གིས་ངོ་རྒོལ་བྱས།

ཁྲིམས་འཆར་དེར་ངོ་རྒོལ་སྐྱོན་བརྗོད་བྱེད་མཁན་རྣམས་ཀྱིས་པེ་ཅིང་སྲིད་གཞུང་གིས་ཁྲིམས་འཆར་དེ་བེད་སྤྱོད་བྱས་ནས་སོ་སོའི་ཁ་གཏད་དག་མེད་པ་བཟོ་བ་དང་། ཧོང་ཀོང་ལ་སྔར་ལས་ལྷག་པའི་སྟངས་འཛིན་བྱ་སྲིད་པར་སེམས་ཁྲལ་བྱེད་ཀྱིན་ཡོད་འདུག ཕྱི་ཟླ་༦ ཚེས་༡༢ ཉིན་ཁྲིམས་འཆར་དེར་ངོ་རྒོལ་ཆེད་འདུ་འཛོམས་བྱས་པའི་མི་མང་ལ་ཉེན་རྟོག་པས་དུག་རླངས་དང་འགྱིག་གི་མདེའུ་འཕངས་པ་དེ་ནི་གྲོང་ཁྱེར་དེའི་ནང་ལོ་ངོ་བཅུ་ཕྲག་དུ་མའི་རིང་བྱུང་མྱོང་མེད་པའི་དྲག་སྤྱོད་འཚེ་བ་ཞིག་ཡིན་འདུག མཇུག་མཐར་ངོ་རྒོལ་བ་རྣམས་ཀྱིས་ཁྲིམས་འཆར་དེ་ཕར་འགྱང་བྱེད་དུ་བཅུག་ཡོད་འདུག ཡིན་ན་ཡང་། པེ་ཅིང་ལ་དགའ་མོས་བྱེད་མཁན་ཚོས་ནས་ཀྱང་ངོ་རྒོལ་ཆུང་ངུ་འབྱུང་བཞིན་ཡོད་འདུག་སྟེ། བདུན་ཕྲག་གོང་མའི་རེས་གཟའ་ཉི་མའི་ཉིན་པེ་ཅིང་ལ་དགའ་མོས་བྱེད་མཁན་སྟོང་ཕྲག་དུ་མ་འཛོམས་ནས་ཉེན་རྟོག་པར་རྒྱབ་སྐྱོར་བྱས་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།

 

Share this:
༡༤༩༥ ཀློག་གྲངས།