རྒྱ་ནག་གི་རྒན་ཡོལ་ལས་བྱེད་པ་སྐོར་ཞིག་གི་པར་སྐྲུན་རང་དབང་ཐད་གྱི་སྙན་ཞུ།

སྤྱི་དམངས་ཀྱི་སྨྲ་བརྗོད་རང་དབང་ལག་བསྟར་ཡོང་བར་འབོད་སྐུལ་ཞིག་ཕྱི་ལོ་2010 ལོའི་ཟླ་10 ཚེས་11 ཉིན་བྱས་འདུག
ཡོངས་ཁྱབ་འཕྲིན་ཡིག་དེའི་ནང་འཁོད་དོན། དོན་ཚན་འདི་ནི་ལོ་28 རིང་ལག་བསྟར་བྱས་མེད་ཅིང་། རྩ་དོན་འདིས་དངོས་ཡོད་ལ་ཐག་མི་གཅོད་པའི་དམངས་གཙོ་རྫུན་མ་ཁས་ལེན་བྱེད་མི་ཐུབ་པ་མ་ཟད། འདི་ནི་འཛམ་གླིང་དམངས་གཙོའི་ལོ་རྒྱུས་སྟེང་རྫབ་ཆེ་བའི་གནས་ཚུལ་ཞིག་ཏུ་འགྱུར་ངེས་ཡིན། ཞེས་དང་། ད་ལྟའི་རྒྱ་ནག་གི་སྨྲ་བརྗོད་རང་དབང་གི་གནས་སྟངས་དངོས་ནི་རང་རྒྱལ་དུ་མ་ལོག་སྔོན་གྱི་ཧོང་ཀོང་ལའང་མི་དོ་ལ། མི་སེར་སྤེལ་ཡུལ་གྱི་སྡོད་མང་ལའང་མི་དོ་ཟེར།

ཧྤ་རན་སིའི་རྒྱལ་སྤྱིའི་རླུང་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཕྱི་ཟླ༡༠ ཚེས་༡༡ ཉིན་མའོ་ཡི་དྲུང་ཡིག་ལིའུ་རིའུ་དང་། <<མི་མང་ཉིན་རེའི་ཚོགས་པར>>གྱི་སྤྱིའི་རྩོམ་སྒྲིག་པ་ཧྲ་ཡེ་ཞིན། ཞིན་ཧ་གསར་གསར་ཁང་གི་འགན་འཛིན་གཞོན་པ་ཟུར་བ་ལིའུ་ཅིན། ཀྲུང་གོའི་སྲིད་ཁྲིམས་སློབ་གྲྭ་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་ཟུར་བ་ཅང་ཕེན་སོགས་རྒན་ཡོལ་ལས་བྱེད་པ་དང་། ཤེས་ཡོན་པ་རྒན་པ་བཅས་འདུས་པའི་མི་གྲངས་23 ལྷག་གིས་ཐུན་མོང་ངང་རྒྱ་ནག་མི་མང་འཐུས་ཚོགས་ལ་ཕུལ་བའི་ཡོངས་ཁྱབ་འཕྲིན་ཡིག་ཟེར་བ་ཞིག་སྤེལ་ཏེ། རྩ་ཁྲིམས་ཀྱི་དོན་ཚན་35 ལྟར་པར་སྐྲུན་ཐད་གྱི་བཀའ་རྒྱའི་དམ་དྲག་མེད་པར་བཟོ་བ་དང་། སྤྱི་དམངས་ཀྱི་སྨྲ་བརྗོད་རང་དབང་ལག་བསྟར་ཡོང་བར་འབོད་སྐུལ་བྱས་འདུག འོན་ཀྱང་ཡོངས་ཁྱབ་འཕྲིན་ཡིག་འདི་སྤེལ་ཡོད་པའི་མི་སྒེར་གྱི་ཟིན་བྲིས་ཡོད་ཚད་སྐར་ཆ་ཁ་ཤས་རྗེས་ནག་བསུབ་བཏང་ཡོད་འདུག

ཡོངས་ཁྱབ་འཕྲིན་ཡིག་དེར་གསལ་དོན། རྒྱ་གཞུང་གིས་ཕྱི་ལོ1982 ལོར་གཏན་འབེབས་བྱས་པའི་རྩ་ཁྲིམས་ཀྱི་དོན་ཚན35 འབྲུ་དོན་ལྟར་ན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་སྨྲ་བརྗོད་རང་དབང་དང་། པར་སྒྲུན་རང་དབང་། འདུ་འཛོམས་རང་དབང་། འགྲུལ་བསྐྱོད་ཀྱི་རང་དབང་། ཁྲོམ་སྐོར་རང་དབང་བཅས་ཡོད་པ་གཏན་འབེབས་བྱས་ཡོད། འོན་ཀྱང་དོན་ཚན་འདི་ཉིད་མི་ལོ་28 ལྷག་གི་རིང་ལག་བསྟར་མ་བྱས་པ་ནི་ཏང་གི་ཆབ་སྲིད་འབྲེལ་ཡོད་སྡེ་ཁག་གིས་གཏན་ལ་ཕབས་པའི་ཨུ་ཚུགས་ཀྱི་སྒྲིག་སྲོལ་ལ་ཁས་ལེན་བྱེད་མི་ཐུབ་པར་བཟོས་པ་དང་། རྩ་དོན་འདི་རིགས་ཀྱིས་དངོས་ཡོད་ལ་ཐག་མི་གཅོད་པའི་དམངས་གཙོ་རྫུན་མ་ཁས་ལེན་བྱེད་ཐབས་བྲལ་བ་མ་ཟད། འདི་ནི་འཛམ་གླིང་དམངས་གཙོའི་ལོ་རྒྱུས་སྟེང་རྫབ་ཆེ་བའི་གནས་ཚུལ་ཞིག་ཏུ་འགྱུར་ངེས་ཡིན། ཞེས་དང་།

རྒྱ་གཞུང་གི་དྲིལ་བསྒྲགས་སྡེ་ཁག་ནི་གཟུགས་མེད་ཀྱི་ལག་པ་ནག་པོ་ཞིག་སྟེ། རྒྱ་གཞུང་གི་དྲིལ་བསྒྲགས་སྡེ་ཁག་གིས་རང་འདོད་ཆེན་པོས་རྩ་ཁྲིམས་ལ་རྒྱབ་འགལ་གྱིས། རྒྱུན་ལྡན་གྱིས་ཁ་པར་ལས་འབྲེལ་བ་བྱས་པའི་རྩོམ་ཡིག་སྤེལ་མི་ཆོག་པ་དང་། དོན་དངོས་མང་པོ་ཞིག་ལ་འགྲེལ་ལོག་གི་རྒྱབ་ལྗོངས་མང་པོ་འཚོལ་བ། གནས་ཚུལ་ཁ་ཤས་དངོས་སུ་མཐོང་མཁན་གྱིས་མི་ལ་དོན་དངོས་ངོ་སྤྲོད་བྱེད་མི་འཇུག་པ། ཡང་ཁ་པར་ལས་གནས་ཚུལ་ངོ་སྤྲོད་བྱས་པ་ཁ་ཤས་མིང་མི་གསལ་བ་དང་། ནན་མངགས་ཀྱིས་མིང་གསང་དགོས་པར་སྐུལ་བ་དག་ཀྱང་དེ་བཞིན་གསང་ཅི་ཐུབ་བྱེད་ཀྱིན་པ་བཅས་རེད། འདི་དག་གི་རྐྱེན་པས་ཡོངས་ཁྱབ་འཕྲིན་ཡིག་འདི་ཉིད་རྒྱལ་ཡོངས་དམངས་ཆེན་གྱི་རྒྱུན་ལས་ཁང་ལ་ཁ་གཏད་དེ། གསར་འགྱུར་ཞིབ་བཤེར་ཆོག་མཆན་གྱི་དབང་བསྒྱུར་རྩ་མེད་བཟོས་ཤིང་།  དེ་ལྟར་བྱེད་རིགས་ལ་ལས་བསྒྱུར་དང་ཉེས་ཆད་གཅོད་པའི་ཁྲིམས་སྲོལ་གཏན་འབེབ་བྱ་འོས་པ་གསལ་འདོན་བྱེད་རྒྱུ་ཡིན།

ང་ཚོས་རྒྱལ་ཡོངས་དམངས་ཆེན་ངོས་ནས་གནས་སྐབས་ཀྱི་ནུས་པ་ཐོན་པ་ཙམ་ལ་དམིགས་ནས་གཏན་འབེབས་བྱས་པའི<<གསར་འགྱུར་པར་སྐྲུན་གྱི་ཁྲིམས།>>ཟེར་བ་དེར་བསམ་འཆར་མཐའ་གཅིག་ཏུ་འདོན་རྒྱུ་ཡིན་པ་དང་། དེར་མ་ཟད་<<པར་སྐྲུན་དོ་དམ་ཁྲིམས་སྲོལ>>ཟེར་བ་དེ་དང་། ས་གནས་རེ་རེར་འབྲེལ་ཡོད་སྡེ་ཁག་ཚན་པས་གསར་འགྱུར་དང་པར་སྐྲུན་དོ་དམ་ཐད་བཟོས་པའི་སྲོལ་ཡིག་འདྲ་མིན་ཡོད་པ་རྣམས་རྩ་མེད་བཟོས་ཏེ། རྩ་ཁྲིམས་ཀྱི་དོན་ཚན35 ཁྲོད་གནང་བའི་སྤྱི་དམངས་ཀྱི་སྨྲ་བརྗོད་རང་དབང་དང་པར་སྐྲུན་རང་དབང་བཅས་གཙང་མ་གནང་དགོས་པའི་བསམ་ཚུལ་འདོན་གྱི་ཡོད།

གསར་ཏུ་བཟོ་དགོས་པའི་<<གསར་འགྱུར་པར་སྐྲུན་བཅའ་ཁྲིམས།>> ཀྱི་རྨང་གཞིའི་ལངས་ཕྱོགས་ནི་མཐའ་གཅིག་ཏུ་དངོས་དོན་བདེན་འཚོལ་གྱི་དབང་བསྒྱུར་ཞིག་ཡིན་དགོས་པ་ལས། ཏང་གི་འགོ་ཁྲིད་པའི་མིང་ཡིག་འོག་གི་ཞིབ་བཤེར་ཆོག་མཆན་གྱི་དབང་བསྒྱུར་དེ་རྩ་བ་ནས་ཡིན་མི་ཆོག པར་སྐྲུན་གང་ཞིག་བྱེད་པ་ལ་ཏང་གི་འབྲེལ་ཡོད་སྡེ་ཁག་ལ་སྙན་ཞུ་དང་ཞིབ་བཤེར་ཆོག་མཆན་མི་དགོས་པར། སྤྱིའི་རྩོམ་སྒྲིག་པའི་མོས་མཐུན་འོག་པར་སྐྲུན་བྱེད་ཆོག་པ་ཞིག་ཡིན་ན། དེ་ནི་ད་གཟོད་པར་སྐྲུན་རང་དབང་ཡོངས་སུ་ལྡན་པ་ཞིག་ཏུ་བརྩིས་ཆོག གལ་སྲིད་པར་སྐྲུན་རྗེས་ཀྱི་མཇུག་འབྲས་མི་ལེགས་པ་ཡིན་ན། ཁྲིམས་ཀྱི་འགྲོ་ལུགས་ངོ་མ་ལྟར་ཁྲིམས་རྩོད་བྱ་རྒྱུ་ནི་ནོར་འཁྲུལ་ཞིག་ག་ལ་ཡིན། ཞེས་ཟེར།

ད་ལོ་རྒྱ་ནག་ཏུ་དྲ་ངོས་སུ་ཞུགས་མཁན་མི་དུང་ཕྱུར་4.04 ཟིན་ཡོད་པ་དང་། དེ་དག་ཕན་ཚུན་ཀྱིས་གླེང་སློང་བྱེད་བཞིན་པའི་བརྗོད་གཞི་གཙོ་བོ་ཡང་གནད་དོན་འདི་རེད། ཡོངས་ཁྱབ་འཕྲིན་ཡིག་ནང་གསལ་དོན། དྲ་རྒྱ་ནི་སྤྱི་ཚོགས་ཀྱི་བརྡ་འཕྲིན་དང་སྤྱི་དམངས་ཀྱི་བསམ་འཆར་བརྗེ་རེས་བྱེད་སའི་འདྲ་མཉམ་གྱི་གླེང་སྟེགས་ཤིག་ཡིན། དེར་རྒྱལ་ཁབ་གྱི་གསང་བའི་གནས་ཚུལ་དང་སྤྱི་དམངས་སྒེར་གྱི་ཐོབ་ཐང་ལ་གནོད་པའི་གླེང་སློང་ལས་གཞན། དྲ་རྒྱའི་དོ་དམ་སྡེ་ཁག་གིས་དྲ་ཚིགས་དང་ཟིན་བྲིས་སོགས་གང་བྱུང་དུ་ནག་བསུབ་མི་གཏོང་བར། དྲ་རྒྱའི་དམིགས་བསལ་ལྟ་རྟོགས་པ་དང་། ཟུར་ལྔའི་ཏང་སོགས་ཀྱི་སྲ་མཁྲེགས་ཀྱི་ལྟ་རྟོགས་དང་ཚོད་འཛིན་དེ་ཡོངས་སུ་འདོར་དགོས།

ཡོངས་ཁྱབ་འཕྲིན་ཡིག་གིས་ད་དུང་གསར་འགྱུར་པར་སྐྲུན་ལས་རིགས་ཐད་ལ་བསམ་ཚུལ་ཁ་ཤས་བཤད་དོན། དཔེར་ན་གོང་རིམ་གྱི་དོ་དམ་སྡེ་ཁག་མེད་པ་བཟོས་ཏེ། གཙོ་སྒྲིག་སྡེ་ཁག་གཅིག་པུས་འགན་འཁུར་རྐང་ལེན་བྱེད་རྒྱུ་དང་། གསར་འགོད་པ་མང་པོ་རྩ་འཛུགས་ཀྱིས་མང་ཚོགས་རང་བཞིན་གྱི་གནས་ཚུལ་རྣམས་དུས་ཐོག་ཏུ་གཏོང་བ། དཔོན་རིགས་ཁག་གི་རུལ་སུངས་ཕམ་ཉེས་བཏང་ཞིང་མི་མང་གི་མངོན་འདོན་དངོས་དང་མཐུན་པའི་གསར་འགྱུར་རིགས་བརྒྱུད་སྤེལ་བྱས་ཏེ། མི་མང་གིས་རང་འགུལ་གྱིས་ལས་རིགས་འདི་ལ་སྲུང་སྐྱོབ་དང་རྒྱབ་སྐྱོར་བྱེད་ཐུབ་པ་བྱ་རྒྱུ་དང་། ཏང་གི་ལོ་རྒྱུས་དང་གནས་བབ་ནང་མི་མང་ལ་ཏང་གི་ཆབ་སྲིད་ཀྱི་ནོར་འཁྲུལ་ཤེས་རྟོགས་བྱ་ཆོག་པའི་དབང་ཆ་སྤྲོད་དགོས། ཞེས་སོགས་བཀོད་འདུག

མཆན། གསར་འགྱུར་འདི་དེ་རིང་ཏོན་ཐེ་རྒྱ་ཡིག་དྲ་གནས་སུ་ཐོན་འདུག་པ་ལས་བྲེལ་གྱི་ཞོར་ནས་བསྒྱུར་བ་ཡིན་སྟབས་ཚིག་འགྲོས་ཇི་བཞིན་འགྲོ་མ་ཐུབ་པ་ཁ་ཤས་ཡོད་སྲིད་ཀྱང་། བརྗོད་གཞིའི་ནང་དོན་གྱི་ཐད་ལ་འགྱུར་བ་གང་ཡང་མེད་པས་ཀློག་པ་པོ་རྣམས་ཀྱིས་ཞིབ་གཟིགས་གནང་རོགས།

{jcomments on}

Share this:
༢༦ ཀློག་གྲངས།