ཧོང་ཀོང་དུ་ཨ་མའི་གོམ་བགྲོད་ལས་འགུལ། 

ཟླ་འདིའི་ཚེས་༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ། ཁ་སང་རེས་གཟའ་པ་སངས་ཉིན་ཧོང་ཀོང་དུ་ཨ་མ་སྟོང་ཕྲག་མང་པོ་ཞིག་གིས་ཞི་བའི་གོམ་བགྲོད་བྱས་ཏེ། ཉེ་བའི་བདུན་ཕྲག་འགའི་རིང་རྩོད་རྙོག་ཅན་གྱི་ཁྲིམས་འཆར་ལ་ངོ་རྒོལ་བྱེད་མཁན་གྱི་སློབ་མ་ཚོར་རྒྱབ་སྐྱོར་བྱས་འདུག

ཨ་མའི་གོམ་བགྲོད་དེའི་གོ་སྒྲིག་པ་ཚོས་གོམ་བགྲོད་དེའི་ནང་ཨ་མ་༨༠༠༠ ཙམ་ཞུགས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་རུང་། ཉེན་རྟོག་པས་ཨ་མའི་གྲངས་འབོར་ ༡༣༠༠ ཡིན་སྐོར་བསྒྲགས་འདུག

ཨ་མའི་གོམ་བགྲོད་དེར་ཞུགས་མཁན་ལོ་ན་བཞི་བཅུ་ཟིན་པའི་སློབ་ཆུང་དགེ་རྒན་ཁེ་རིན-ཝན (Carina Wan) གྱིས་གོམ་བགྲོད་ཀྱི་དགོས་དམིགས་དང་འབྲེལ་བའི་ཐོག་བརྗོད་དོན། “ན་གཞོན་ཚོས་ང་ཚོའི་ཆེད་དུ་ལས་དོན་མང་པོ་བྱས་ཟིན་པ་རེད། ང་ཚོ་མ་མཐར་ཐེངས་གཅིག་ཙམ་ཁོ་ཚོའི་ཆེད་དུ་མར་ཐོན་དགོས། ང་ལ་ཁོ་ཚོའི་ཆེད་དུ་སེམས་ངལ་ཚད་མེད་ཡོང་གི་འདུག ཁོ་ཚོ་ཅུང་དྲག་པོར་སྣང་ཡང་མི་སུ་གཅིག་ལ་གནོད་སྐྱོན་བཏང་ཡོད་མ་རེད། དངོས་གནས་གནོད་སྐྱོན་གཏོང་མཁན་དེ་སྲིད་གཞུང་རེད། གལ་སྲིད་ཁོ་ཚོས་ན་གཞོན་རྣམས་གློད་གྲོལ་མ་བཏང་བ་ཡིན་ན། ང་ཚོས་མུ་མཐུད་ལངས་ནས་ཁོ་ཚོར་རྒྱབ་སྐྱོང་བྱེད་རྒྱུ་ཡིན།”

བདུན་ཕྲག་འདིའི་རེས་གཟའ་ཕུར་བུའི་ཉིན་ཧོང་ཀོང་སྤྱི་ཁྱབ་དཔོན་ཁེ་རི་ལེམ་(Carrie Lam)གྱི་མགྲིན་ཚབ་པས་གློག་འཕྲིན་བརྒྱུད་དེ་སྤེལ་བའི་གཏམ་བཤད་ནང་། མོས་ཉེ་ཆར་ངོ་རྒོལ་ནང་ཞུགས་མཁན་གྱི་སློབ་ཆེན་སློབ་མ་དང་ན་གཞོན་དག་འདུས་པའི་རྒྱབ་ལྗོངས་མི་གཅིག་པའི་གཞོན་སྐྱེས་རྣམས་མགྲོན་འབོད་བྱེད་འགོ་བརྩམས་ཡོད་ཚུལ་བཤད་འདུག་པ་དང་། དེ་ལ་ཧོང་ཀོང་ཚན་རྩལ་སློབ་ཆེན་(the Hong Kong University of Science and Tecknology) གྱི་སློབ་མའི་མཐུན་ཚོགས་ནས་སྤྱི་ཁྱབ་དཔོན་གྱིས་གསང་བའི་ཚོགས་འདུ་ཞིག་ལ་རེ་སྐུལ་ཞུས་པ་རེད་ཅེས་བཤད་དེ་ངོས་ལེན་བྱས་མི་འདུག་ལ། ཁོ་ཚོའི་ངོ་དེབ་ཐོག་ཏུ་“གྲོས་མོལ་དེ་ངེས་པར་དུ་ཧོང་ཀོང་མི་སེར་ཐམས་ཅད་མཉམ་ཞུགས་བྱེད་ཆོག་པའི་གྲོས་མོལ་ངོ་ལྐོག་བྲལ་བ་ཞིག་ཡིན་དགོས་”ཞེས་བཀོད་ཡོད་འདུག

ཧོང་ཀོང་སྤྱི་ཁྱབ་དཔོན་གྱི་མགྲིན་ཚབ་པས་ཁ་གསང་གཏིང་ཟབ་ཀྱི་བསམ་ཚུལ་བརྗེ་ལེན་ཡོང་ཆེད། གྲོས་མོལ་དེ་གསང་བ་དང་གཞི་རྒྱ་ཆུང་ཆུང་གི་ངོ་བོའི་ཐོག་ནས་འཚོགས་རྒྱུ་ཡིན་ཚུལ་བཤད་འདུག་པར། སློབ་མའི་མཐུན་ཚོགས་ཀྱི་འགོ་ཁྲིད་ཇོར་ཌན-ཕན་(Jordan Pang) གྱིས་སྲིད་གཞུང་ནས་ངོ་རྒོལ་ནང་ཞུགས་མཁན་ཚོར་རྩད་གཅོད་ཞིབ་འཇུག་མི་བྱེད་པའི་ཁས་ལེན་དམ་བཅའ་བཞག་ན། ད་གཟོད་གཞི་ནས་གྲོས་མོལ་བྱེད་རྒྱུའི་མོས་མཐུན་ཡོད་སྐོར་བཤད་པའི་ཐོག ཧོང་ཀོང་སྲིད་གཞུང་གིས་ལྷག་བསམ་རྣམ་དག་ངང་གཞོན་སྐྱེས་ཚོ་དང་གྲོས་མོལ་བྱེད་འདོད་པ་ཡིན་ནམ། ཡང་ན་དེའང་ཆབ་སྲིད་ཀྱི་གཡོ་བྱུས་གཞན་ཞིག་ཡིན་བཤད་ཚོད་མི་ཐིག་ཚུལ་སྨྲས་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།

Share this:
༡༠༨༤ ཀློག་གྲངས།