བོད་རིག་པ་ཞིབ་འཇུག་སྐབས་མཚམས་རེར་བོད་ཟེར་བ་བེད་སྤྱོད་ལ་དཀའ་ངལ་ཡོད་སྲིད་སྐོར་འདུག

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པ་དབུ་བརྙེས་ནས་ལོ་༤༠ འཁོར་བ་དང་། བགྲོ་གླེང་ཚོགས་ཆེན་ཐེངས་༡༥ པ་དེ་ཧྤ་རན་སའི་རྒྱལ་སར་ཉིན་བདུན་རིང་འཚོག་བཞིན་ཡོད་པ་དང་། ཚོགས་ཆེན་དེ་ནི་ལོ་བཞི་རེའི་མཚམས་སུ་ཐེངས་རེ་འཚོག་གི་ཡོད་པ་རེད།

ཟླ་འདིའི་ཚེས་༧ ཉིན་མོར་ཚོགས་ཞུགས་པར་སྣེ་ལེན་གསོལ་ཚིག་བཀྱགས་པ་དང་། ཚེས་༨ ཉིན་དངོས་སུ་ཚོགས་འདུ་འགོ་འཛུགས་བྱས་ཏེ། ཚོགས་ཞུགས་པ་རྒྱལ་ཁབ་༢༠ ལྷག་གི་བོད་རིག་པའི་ཞིབ་འཇུག་པ་༦༠༠ ཙམ་ཚོགས་ཞུགས་བྱས་ཡོད་འདུག ཚོགས་འདུ་དབུ་འབྱེད་ཐོག་བོད་རིག་པ་བ་མཁར་རྨེའུ་བསམ་བརྟན་གྱིས་འགོ་འཛུགས་ཀྱི་གཏམ་བཤད་དང་། གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་ངོ་སྤྲོད་ཞུས་ཡོད་པ་རེད།

བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་སློབ་དཔོན་ཆེན་མོ་ཚེ་རིང་ཤཱཀྱས་ཚོགས་འདུ་འགོ་འཛུགས་ཀྱི་གསུང་བཤད་གནང་བ་དང་། ཁོང་གིས་བོད་རིག་པ་ཞིབ་འཇུག་སྐབས་དཀའ་ངལ་སྐོར་གསུང་སྐབས། “བོད་ཟེར་དུས་སྲིད་དོན་གྱི་དཀའ་ངལ་ཞིག་ལ་འབྲུག་བོད་རེད་དམ། ལ་དྭགས་བོད་རེད་དམ་ཟེར་ཡོང་དུས། བོད་དེ་ས་ཆ་གང་ལ་ཚད་རྒྱག་དགོས་རེད་ཟེར་དུས། སྲིད་དོན་གྱི་ཐོག་ནས་ཐེ་ཇུས་བྱས་ཏེ་དཀའ་ངལ་འཕྲད་ཀྱི་ཡོད་པས། མཚམས་རེར་བོད་ཟེར་བའི་མིང་ཚིག་ང་ཚོས་བེད་སྤྱོད་གཏོང་མ་ཐུབ་པའི་དཀའ་ངལ་ཡོད་རེད། མཚམས་རེར་ལ་དྭགས་ཞིབ་འཇུག ཁམས་ཞིབ་འཇུག མངའ་རིས་ཞིབ་འཇུག་ཟེར་བ་མང་པོ་ཡོང་དུས། བོད་ཟེར་བ་ཁ་འཐོར་ནས་དབྱེ་བ་མང་པོ་དང་དུམ་བུ་མང་པོ་ཆགས་པའི་དཀའ་ངལ་ཞིག་ཡོང་གི་རེད་”ཅེས་གསུངས་སོང་།

ཁོང་གིས་བོད་རིག་པ་ཡར་རྒྱས་སྐོར་གསུང་སྐབས། དེབ་ཧ་ཅང་མང་པོ་བོད་ཕྱི་ནང་གཉིས་ནས་འདོན་གྱི་ཡོད་པ་དང་། ད་ལྟ་བོད་རིག་པའི་ཞིབ་འཇུག་དེབ་ཀྱི་དཀར་ཆགས་ཀྱང་བཟོ་མ་ཐུབ་པ་ཆགས་ཡོད་སྐོར་དང་། “བོད་ཡིག་དང་དབྱིན་ཡིག་ཐོག་ཧ་ཅང་མང་པོ་པར་སྐྲུན་བྱས་ཡོད་རེད། བོད་ཡིག་ནང་དེབ་ཡོད་པ་དེ་ཚོ་ཕྱི་རྒྱལ་བས་ཀློག་གི་ཡོད་མ་རེད། ཕྱི་རྒྱལ་གྱིས་བྲིས་པ་ཚོ་བོད་པས་ཀློག་གི་ཡོད་མ་རེད། ལུང་ཁུག་གི་ལྐུགས་པ་འདྲ་བྱས་ནས་བསྡད་རེད། མགོ་སེར་ཚོས་ག་རེ་ཤེས་ཀྱི་རེད་ཟེར་ནས་བོད་པ་ཚོས་སྣང་ཆུང་གཏོང་རྒྱུ་ཡོད་མ་རེད། བོད་རིག་པའི་ཞིབ་འཇུག་གི་ཚད་དེ་ཕྱི་རྒྱལ་ཚོ་ཚད་མཐོན་པོ་ཆགས་ཡོད་པ་དང་། ཕྱི་རྒྱལ་ཚོས་དྲི་བ་བཏང་བ་དང་ལན་བཏབས་པ་དེ་ཚོ་ང་ཚོས་བསམ་བློས་ནང་མ་འཁོར་བ་ཆགས་བསྡད་ཡོད་པ་རེད་”ཅེས་དང་།  ཁོང་གིས། ད་ལྟ་བོད་ཕྱི་ནང་གཉིས་ནས་གཞོན་སྐྱེས་མང་པོས་བོད་རིག་པའི་སྐོར་སྦྱངས་ནས་དེ་རིང་འདིར་སླེབས་ཡོད་པ་དེ་ཡར་རྒྱས་ལ་འགྲོ་བའི་རྣམ་པ་ཞིག་ཡིན་སྐོར་དང་། དཀའ་ངལ་གཅིག་དེ་བོད་རིག་པའི་མཁས་པ་གཅིག་པུའི་མིན་པར། ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་དཀའ་ངལ་དེ་ད་ལྟ་འཕྲད་ཡོད་རེད། བོད་མི་ཁྱིམ་ཚང་རེ་རེས་ཐག་གཅོད་དགོས་པའི་དཀའ་ངལ་གྱི་སར་སླེབས་ཡོད་པ་དང་། ངའི་ཕྲུ་གུ་དེ་དབྱིན་ཡིག་སློབ་གྲྭར་གཏོང་དང་། རྒྱ་ཡིག་སློབ་གྲྭར་གཏོང་། ཡང་ན་བོད་ཡིག་སློབ་གྲྭར་གཏོང་རྒྱུ་ཐག་ག་རེ་གཅོད་ཀྱི་རེད། མ་འོངས་པར་སྤྱི་ཚོགས་ནང་འཚོ་བ་དང་ཕུགས་བསམ། དཔལ་འབྱོར་ག་རེ་ཡོང་མིན་སྐོར་ལ་མཁས་པས་ལམ་སྟོན་དགོས་སྐོར་ཡང་གསུངས་སོང་།

ཚོགས་ཆེན་མཛད་སྒོའི་ཐོག་བོད་རིག་པའི་མཁས་དབང་ཚེ་འདས་ནམ་མཁའི་ནོར་བུ་དང་། ཨེ་ལོ་ཏྲི་སི་པེ་ལེན་(Elliot sperlling) སོགས་ཚེ་མ་ཟིན་པ་རྣམས་ལ་མྱ་ངན་གུས་འདུད་ཞུས་ཡོད་པ་དང་། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་ནས་ཡོང་མཁན་བཅུ་གྲངས་ཤིག་རྒྱ་གཞུང་གིས་བཏང་མེད་པའི་གནས་ཚུལ་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༦༩༤ ཀློག་གྲངས།