༧སྐུའི་འཁྲུངས་སྐར་སྲུང་བརྩི་ཆེད་ཁོར་ཡུག་གཙང་བཟོའི་ལས་འགུལ།

༧གོང་ས་མཆོག་དགུང་གྲངས་༨༤ ལ་ཕེབས་པའི་སྐུ་འཁྲུངས་སྐར་ཕྱི་ཉིན་ཕྱི་ཚེས་༧ ཉིན་ནས་སྦིར་དུ་རྟེན་གཞི་བྱས་པ་བོད་ནས་གསར་དུ་འབྱོར་བ་རྣམས་ཀྱི་སྡོད་སྒར་ལི་ལི་བོད་ཀྱི་ཚོགས་པ་ནས། སྦིར་གྱི་ཁོར་ཡུག་གཙང་བཟོ་དང་འབྲེལ་བའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

ས་གནས་ནས་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་གྱི་ཕྱི་ཉིན་ཕྱི་ཚེས་༧ ལ། ཧི་མ་ཅལ་མངའ་སྡེའི་ཁོངས་གཏོགས་སྦིར་ས་གནས་སུ་ཆགས་པའི་ལི་ལི་བོད་མིའི་ཚོགས་པས་ཁོར་ཡུག་གཙང་སྦྲའི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། དེ་ནི་༧གོང་ས་མཆོག་གིས་གཙོས་རིས་མེད་བོད་ཀྱི་བླ་ཆེན་ཁག་སྐུ་ཚེ་བརྟན་ཆེད་དང་། ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་འགྲོ་བ་མི་ཙམ་དུ་མ་ཟད། སྐྱེ་འགྲོ་ཡོངས་ཀྱི་ཚེ་སྲོག་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། ༧གོང་ས་མཆོག་གིས་དུས་རྒྱུན་ཁོར་ཡུག་སྲུང་སྐྱོབ་སྐོར་ལམ་སྟོན་བཀའ་སློབ་དང་། སོ་སོའི་གནས་ཡུལ་ཀྱི་ཡུལ་མི་ཚོར་ཕན་ཚུན་འཆམ་མཐུན་ཡོང་ཆེད་དུ་མིག་དཔེ་བཟང་པོ་སྟོན་ཐབས། བོད་མིའི་བཟང་སྤྱོད་དང་ཡ་རབས་ཀྱི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱེད་དགོས་པ་སོགས་དང་། ལྟའི་དུས་འདིར་རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་ཁོར་ཡུག་དང་གཙང་བཟོ་དང་འབྲེལ་བའི་ལས་འགུལ་འདི་ཉིད་གཙིགས་སུ་འཛིན་བཞིན་ཡོད་པས་ལས་འགུལ་འདི་སྤེལ་བ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།

གཞན་ཡང་ཕྱི་ཚེས་༦ ཉིན་འཛམ་གླིང་གི་ས་ཕྱོགས་གང་སར་སྐུའི་འཁྲུངས་སྐར་གྱི་མཛད་སྒོ་འཚོགས་ཡོད་པ་བཞིན། སྦིར་ཁུལ་ལ་མཚོན་ན། ཅོན་ཏ་ར་ནང་ཆེན་གཞིས་ཆགས་སུ་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རམ་སོ་ཝ་རོབ་ཤཱར་མཱ་(Ram Swaroop Sharma) སོགས་རྒྱ་གར་གྱི་དཔོན་རིགས་ཁག་ཅིག་སྐུ་མགྲོན་དུ་གདན་འདྲེན་ཞུས་ནས་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང་། སྦིར་སྡེ་དགེ་ནས་ཕྱི་ཚེས་༦ ཉིན་བོད་ལུགས་མཛད་སྒོ་དང་། ཕྱི་ཚེས་༧ ཉིན་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་ཤན་ཏ་ཀུ་མར་(Shanta Kumar) དང་། བྷེ་ཅི་ན་ཐའི་ཁུལ་གྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་མུ་ལཱ་ཁ་ རཱ་ཇ་ པི་རེ་མི་(Mulakh Raj Premi) བཅས་སྐུ་མགྲོན་དུ་གདན་ཞུས་ཀྱིས་མཛད་སྒོ་འཚོགས་ཡོད་པ་དང་། དེ་བཞིན་སྦིར་བོད་ཚོགས་དང་། ལི་ལི་ཚོགས་པ་སོགས་ཀྱིས་ཀྱང་དེ་མཚུངས་བཞིན་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པའི་གནས་ཚུལ་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༣༥༣ ཀློག་གྲངས།