རྒྱ་ནག་གིས་ཨ་རི་ལ་འཕྲལ་དུ་གོ་མཚོན་གྱི་ཚོང་འཆར་དེ་མེད་པ་བཟོ་དགོས་ཚུལ་བརྗོད་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་སྟེ་ཕྱི་ཟླ་ ༧ ཚེས་ ༩ ཉིན་ཨ་རིས་ཐའེ་ཝན་ལ་ཨ་སྒོར་ཐེར་འབུམ་ ༢.༢ རི་བའི་གོ་མཚོན་འཚོང་འཆར་ཡོད་ཚུལ་ཁྱབ་བསྒྲགས་བྱས་མ་ཐག རྒྱ་ནག་གིས་ཨ་རི་ལ་ཚོོང་དེ་འཕྲལ་མ་ཉིད་དུ་མེད་པ་བཟོ་དགོས་ཚུལ་བཤད་འདུག

གལ་སྲིད་ཚོང་འཆར་དེ་དངོས་སུ་ལག་བསྟར་བྱས་པ་ཡིན་ན། དེ་ནི་ཨ་རིས་ལོ་ངོ་བཅུ་ཕྲག་དུ་མའི་རིང་མང་གཙོའི་ལམ་ལུགས་འོག་འགྲོ་བཞིན་པའི་ཐའེ་ཝན་ལ་གོ་མཚོན་བཙོང་བའི་ཁྲོད་ནས་ཆེས་ཆེ་ཤོས་དེ་ཆགས་རྒྱུ་ཡིན་པའི་ཁར། ཨ་རྒྱའི་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་སུ་བྱུང་བ་ཡིན་སྟབས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྔར་བས་ཀྱང་ཇེ་སྡུག་ཏུ་འགྲོ་བའི་ཉེན་ཁ་ཡོད་འདུག

རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་གྷན་ཧྲན་(Geng Shuang)གྱིས་རེས་གཟའ་མིག་དམར་ཉིན་གསར་འགོད་པ་ཚོར་ལན་འདེབས་བྱས་པའི་ནང་། ཁོས་པེ་ཅིང་སྲིད་གཞུང་ནས་ཕྱི་འབྲེལ་སྐུ་ཚབ་བརྒྱུད་དེ་ཨ་རི་ལ་ཚོང་འཆར་དེར”བློ་ཕམ་ཆེན་པོ་དང་མཐའ་གཅིག་ཏུ་དགག་པ”ཡོད་པའི་གཞུང་འབྲེལ་སྐྱོན་བརྗོད་བྱས་ཡོད་སྐོར་བཤད་པ་མ་ཟད། ཚོང་འཆར་དེ་ནི་རྒྱ་ནག་ནང་ལོགས་ཀྱི་གནད་དོན་ལ”དམར་རྗེན་དུ་ཐེ་བྱུས”བྱས་པ་ཞིག་ཡིན་པས། དེས་རྒྱ་ནག་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་ལ་གནོད་སྐྱོན་བཏང་བ་ཡིན་ཚུལ་ཡང་བཤད་ཡོད་འདུག

དེ་ཡིས་མ་ཚད་ཁོས་ད་རུང”ཨ་རྒྱའི་འབྲེལ་ལམ་ལ་གཏོར་སྐྱོན་མི་བཟོ་བ་དང་། ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་ལ་གནོད་སྐྱོན་མི་ཡོང་བའི་ཆེད། རྒྱ་ནག་གིས་ཨ་རི་ལ་འཕྲལ་དུ་གོ་མཚོན་གྱི་ཚོང་འཆར་དེ་མེད་པ་བཟོ་དགོས་ཞེས་བཤད་ཀྱི་ཡོད། སོ་སོའི་རྒྱལ་ཁབ་ཀྱི་བདག་དབང་དང་ས་ཁོངས་སྲུང་སྐྱོབ་བྱེད་པ་དང་། ཕྱིའི་ཐེ་བྱུས་ལ་དགག་པ་བྱེད་པའི་རྒྱ་ནག་གཞུང་དང་མི་མང་གི་གཡོ་བ་མེད་པའི་ཆོད་སེམས་ལ་སུ་གཅིག་གིས་སྣང་ཆུང་མ་བྱས་ན་ལེགས”ཞེས་བསྣན་འདུག

ཨ་རིའི་བདེ་སྲུང་མཉམ་ལས་ཁང་(DSCA)གིས་བཤད་པ་ལྟར་ན། ད་ཐེངས་ཀྱི་ཐའེ་ཝན་དང་ཨ་རིའི་ཉོ་ཚོང་ལས་འཆར་འདིའི་ནང་ཨེ་བྷི་རན་རྟགས་ཅན་གྱི་ཐང་གེ་(Abrams tanks) ༡༠༨ དང་། གནམ་གྲུ་གཏོར་བྱེད་ཀྱི་མེ་ཤུགས་འཕུར་མདའ་(Stinger anti-aircraft missiles) ༢༥༠། དེ་འབྲེལ་གྱི་ཉེར་མཁོའི་ཡོ་ཆས་སོགས་ཁྱོན་བསྡོམས་ཨ་སྒོར་ཐེར་འབུམ་ ༢,༢ ཙམ་རི་བའི་གོ་མཚོན་ཡོད་འདུག་ཅིང་། ཨ་རིའི་ཁྲིམས་བཟོ་ལྷན་ཁང་ལ་ཚོང་འཆར་འདིར་དགག་རྒྱག་བཀག་འགོག་བྱེད་པའི་ཉིན་གྲངས་ ༣༠་སྤྲད་འདུག་ཀྱང་དགག་རྒྱག་བཀག་འགོད་བྱེད་བཟོ་མི་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།

Share this:
༡༤༢༩ ཀློག་གྲངས།