ཨ་རིས་ཐའེ་ཝན་ལ་ཨ་སྒོར་ཐེར་འབུམ་༢.༢ རི་བའི་གོ་མཚོན་འཚོང་འཆར།

ཕྱི་ལོ་ ༢༠༡༩ ཟླ་ ཚེས་ ཉིན། དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བ་ལྟར་ན། ཨ་རིས་རྒྱ་ནག་གི་དགག་པ་ལ་མ་བལྟོས་པར་ཐའེ་ཝན་ལ་གོ་མཚོན་འཚོང་རྒྱུའི་གསལ་བསྒྲགས་བྱས་པའི་གནས་ཚུལ་ཐོན་འདུག

ཨ་རིའི་རེས་གཟའ་ཟླ་བ་(དེ་རིང)ཉིན། ཨ་རིའི་རྒྱལ་སྲུང་ལྟེ་བ་ཕན་ཐྲ་གྷོན (the Pentagon) ནས་རྒྱ་ནག་གི་སྐྱོན་བརྗོད་ལ་མ་བལྟོས་པར་ཐའེ་ཝན་ལ་ཨ་སྒོར་ཐེར་འབུམ་ . ཙམ་རི་བའི་གོ་མཚོན་འཚོང་རྒྱུའི་མོས་མཐུན་ཡོད་སྐོར་བརྗོད་འདུག

ཟླ་གོང་མར་ཨ་རི་དང་ཐའེ་ཝན་བར་མཚོན་ཆ་ཉོ་ཚོང་བྱེད་སྲིད་པའི་གནས་ཚུལ་དེ་ཐོག་མར་ཐོན་པའི་སྐབས། རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་དེའི་ཐད་ལ་སེམས་འཚབ་ཆེན་པོ་ཡོད་སྐོར་བརྗོད་པ་མ་ཟད། ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་མི་ཡོང་བའི་ཆེད། ཨ་རིས་ཉོ་ཚོང་དེ་མཚམས་འཇོག་དགོས་ཚུལ་བཤད་འདུག

ཨ་རིའི་བདེ་སྲུང་མཉམ་ལས་ཁང་(DSCA)གིས་སྤེལ་བའི་གཏམ་བཤད་ནང་། ཐའེ་ཝན་གྱིས་རེ་སྐུལ་ཞུས་པའི་གོ་མཚོན་བཙོང་བ་དེ་ལ་བརྟེན་ནས་ས་ཁུལ་དེའི་གཞི་རྩའི་དམག་གི་གནས་སྟངས་ལ་འགྱུར་བ་འགྲོ་མི་སྲིད་པའི་ཚུལ་བཤད་ཡོད་འདུག

ཨ་རི་ནི་རྒྱ་ནག་གིས་སོ་སོའི་ངོ་ལོག་ཞིང་ཆེན་དུ་བརྩི་བའི་ཐའེ་ཝན་ལ་གོ་མཚོན་མཁོ་སྤྲོད་བྱེད་མཁན་གཙོ་བོ་དེ་རེད་འདུག་ལ། རྒྱ་ནག་གིས་ད་ལྟའི་བར་ཐའེ་ཝན་སོ་སོའི་མངའ་འོག་ཏུ་བསྡུ་ཐབས་ལ་བཙན་ཤེད་བེད་སྤྱོད་བྱེད་མཚམས་གཏན་ནས་འཇོག་མྱོང་མི་འདུག

ཐའེ་ཝན་གྱི་སྲིད་འཛིན་ཚེ་ཡིན་ཝེན་(Tsai Ing-wen)གྱིས་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གི་གནོན་ཤུགས་གདོང་ལེན་ཆེད་དུ་ཐའེ་ཝན་གྱིས་ཨ་རིར་གོ་མཚོན་གསར་པ་འཚོང་དགོས་པའི་རེ་སྐུལ་ཞུས་པ་དེར་ཨ་རིའི་ཕྱོགས་ནས་བཟང་ཕྱོགས་ཀྱི་ལན་སྟེར་བཞིན་ཡོད་སྐོར་བཤད་འདུག

སྤྱིའི་ཆ་ནས་བཤད་ན། ཐའེ་ཝན་རང་བཙན་རྒྱལ་ཁབ་ཏུ་ངོས་འཛིན་བྱེེད་མཁན་གྱི་རྒྱལ་ཁབ་ ༢༠ ལས་ཉུང་བ་ཡོད་འདུག་པ་དང་། ཨ་རིས་ཐའེ་ཝན་ལ་གཞུང་འབྲེལ་གྱི་འབྲེལ་བ་འཛུགས་ཀྱི་མེད་ཀྱང་། ཁྲིམས་ཐོག་ནས་ཐའེ་ཝན་ལ་རང་སྲུང་གི་ཐབས་ལམ་མཁོ་སྤྲོད་བྱེད་དགོས་པའི་ཁར། ཐའེ་ཝན་གྱི་རྒྱལ་ས་ཐེ་པེ་ལ་རྟེན་གཞི་བྱས་པའི་ཨ་རིའི་ཐའེ་ཝན་ཚོགས་སྡེ་(The American Institute of Taiwan)ནི་ཨ་རིའི་གཞུང་ཚབ་ཡིན་འདུག

ཐའེ་ཝན་རྒྱལ་སྲུང་ལས་ཁུངས་ཀྱིས་ཟླ་གོང་མར་སྤེལ་བའི་གཏམ་བཤད་ནང་། ཨ་རིས་ཐའེ་ཝན་ལ་རང་སྲུང་གི་གོ་མཚོན་མཁོ་སྤྲོད་བྱེད་པ་དེས་ཐེ་དམག་གི་འཐབ་འཁྲུག་ནུས་པ་གོ་མཐོར་གཏོང་བ་དང་།  ཐའེ་ཝན་དང་་ཨ་རིའི་འབྲེལ་བ་སྲ་བརྟན་བཟོ་བ། ཐའེ་ཝན་གྱི་བདེ་འཇགས་འགན་ལེན་ཡོང་བ་བཅས་ལ་རོགས་ཕན་ཡོད་ཚུལ་བརྗོད་འདུག

གསར་འགོད་པ་དཀོན་མཆོག་རབ་བརྟན།

Share this:
༡༡༠༣ ཀློག་གྲངས།