2019 ལོའི་རྒྱལ་སྤྱིའི་བོད་རིགས་སློབ་མའི་ན་གཞོན་ཕུལ་བྱུང་གཟེངས་རྟགས་ཀྱི་དྲ་ཐོག་འོས་བསྡུ་ལ་ལྟ་བ།

ལྗང་གཞོན།
དེ་རིང་འདི་ནས་ཚིག་འགའ་བཤད་འདོད་པ་ནི། ཉིན་འདི་འགར་འགྲོ་བཞིན་པའི་གོང་གི་གཟེངས་རྟགས་དང་དྲ་ཐོག་གི་མང་ཚོགས་ཀྱི་འགན་ཁུར་ཕྱོགས་ཐད་ནས་དོན་གནད་ཁག་ཅིག་གླེང་པར་བྱ་བ་ལ། གོ་སྒྲིག་པའི་ངོས་ནས་ཐོག་མར་སློབ་ཕྲུག་ཚོགས་པ་༢༡ ནས་སྔོན་འགྲོའི་འོས་མི་དྲག་འདེམས་བརྒྱུད་རྩེ་ཕུད་གཞོན་སྐྱེས་ལྔ་དངོས་སུ་ཡོངས་བསྒྲགས་ཀྱིས་མཐའ་མའི་འོས་འདེམས་ཀྱི་གདམ་ཀ་དྲ་ཐོག་བརྒྱུད་མང་ཚོགས་ཚོར་གོ་སྐབས་དང་འགན་ཞིག་ཕུལ་ཡོད། འདི་ནི་བོད་རིགས་མཐོ་རིམ་སློབ་མ་ཚོས་མང་གཙོ་ཡར་སྐུལ་དང་ན་གཞོན་འཇོན་ནུས་ཅན་ལ་ཆེད་བསྟོད་ཀྱི་ལས་དོན་རླབས་ཆེན་ཞིག་གཉེར་བར་དྲངས་ཆོག

ཁོང་ཚོའི་དགོས་དམིགས་ཀྱི་ཐད་ནས་ཀྱང་གཙོ་གནད་གསུམ་སྟེ། ཤེས་ཡོན་དང་སྐུལ་འདེད། མཐུན་སྒྲིལ་བཅས་རྩ་དོན་དུ་བཟུང་ནས་ཐེངས་འདིའི་མཐའ་མའི་གཟེངས་རྟགས་ཐོབ་མཁན་ལ་ད་སྔ་བོད་ཀྱི་རྩ་དོན་དང་འབྲེལ་བའི་རླབས་ཆེན་གྱི་ཕྱག་ལས་གནང་པར་ཆེད་བསྟོད་ངོས་འཛིན་དང་། མ་འོངས་པར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཕྱག་ལས་གནང་རྒྱུར་སྐུལ་འདེད། དེ་བཞིན་བོད་རིགས་གཞོན་སྐྱེས་ཚོས་མིག་དཔེར་བཟུང་སྟེ་སྤྱི་ཚོགས་ལ་འགན་འཁུར་རྒྱུ་དང་རྩ་དོན་ཐད་ནུས་ཤུགས་འདོན་དགོས་པའི་སྐུལ་ལྕགས་ཤིག་གི་དམིགས་ཚད་བཟུང་ཡོད་པར་གསལ་སྟོན་བྱས་འདུག

འོ་ན། དྲ་ཐོག་ནས་འོས་འདེམས་ཀྱི་ཆ་ཤས་ལེན་མཁན་མང་ཚོགས་ལ་འགན་འཁྲི་གང་འདྲ་ཞིག་ཡོད་དམ། འདི་ནི་གནད་དོན་གལ་ཆེན་ཞིག་ཏུ་མངོན། ཐེངས་འདིའི་གཞོན་སྐྱེས་གཟེངས་རྟགས་འདི་ཉིད་རྒྱ་བོད་བར་དང་ཡང་ན་མི་རིགས་གཞན་པ་ཞིག་གི་བར་གྱི་ཐོབ་ཤོར་འགྲན་བསྡུར་ཞིག་མ་རེད་ལ། ཆོལ་ཁ་དང་ཆོས་ལུགས། ལུང་ཚན་དང་ཕྱོགས་རིས། དབུ་མ་དང་རང་བཙན་སོགས་ཀྱི་འགྲན་རྩོད་ཅིག་དེ་བས་མིན་པ་མ་ཟད། མི་དགོས་པའི་ཆབ་སྲིད་ཀྱི་འཁྲབ་སྟོན་དེ་རིགས་རྩ་བ་ཉིད་ནས་མ་འདྲེས་པའི་ཐོག དོན་དངོས་ཀྱི་ཐོག་ནས་འོས་མི་དག་ལས་སུ་ལ་བློས་གཏོང་དང་དཔའ༌སྤོབས། གྲུབ་འབྲས། སྤྱི་བའི་རྩ་དོན་ལ་འགན་འཁུར་སོགས་མང་པོ་ཡོད་པའི་ནང་ནས་ཆེས་གཟེངས་སུ་ཐོན་པ་ཞིག་སླེབས་ཐུབ་པར་བལྟ་དགོས་རྒྱུ་ནི་གཅིག་ནས་སོ་སོས་རྩ་དོན་ལ་འགན་འཁུར་ཡོད་པའི་གནད་དོན་ཞིག་རེད་ལ། གཉིས་ནས་མི་རབས་གསར་པ་ཚོར་ངན་ཕྱོགས་ཀྱི་བག་ཆགས་དང་ཤུགས་རྐྱེན་མ་ཐེབས་པ་དང་ལྷག་པར་དུ་མཐའ་མའི་གཟེངས་རྟགས་ཐོབ་མཁན་གྱི་གཞོན་སྐྱེས་གང་དེར་འཐོབ་འོས་པ་ཞིག་ཡོང་ཐུབ་པར་འབད་དགོས། དེ་ནི་གཟེངས་རྟགས་ཀྱི་རིན་ཐང་དང་གཞོན་སྐྱེས་ཚོའི་ཡར་སྐུལ་གྱི་བསམ་བློ། སྤྱི་ཚོགས་ཀྱི་འོས་འགན་སོགས་དང་ཐད་གར་འབྲེལ་བ་དམ་ཟབ་ཡོད།

དེ་ན། མིག་དཔེར་འོས་པའི་འོས་མི་དེ་དག་གི་བློས་གཏོང་དང་དཔའ་སྤོབས། གྲུབ་འབྲས། སྤྱི་བའི་རྩ་དོན་ལ་འགན་འཁུར་ཕྱོགས་སོགས་ནས་བལྟ་སྐབས། ཤེས་ཡོད་ཆུ་ཚད་ཀྱི་ཐད་ནས་མཐོ་རིམ་སློབ་མ་དག་གིས་མིག་དཔེར་ལོངས་པ་ཞིག ༼ཤེས་ཡོན་ནི་རིགས་ཚན་བྱེ་བྲག་པ་ཞིག་གི་ཐད་ནས་ལག་འཁྱེར་ཅི་ཞིག་ཡོད་མེད་ཙམ་མ་ཡིན་པར། བོད་མི་ནང་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་གང་ཞིག་ཏུའང་འབྲི་ཀློག་བཤད་གསུམ་ལ་ཐོགས་པ་མེད་པ་ཞིག༽ བློས་གཏོང་གི་ཆ་ནས་སོ་སོའི་ལྟོ་རྒྱབ་ལས་བོད་ཀྱི་རྩ་དོན་ཐད་ལུས་ངག་ཡིད་གསུམ་འཇོག་མཁན་ཞིག་དང་། དེ་ཡང་མུ་མཐུད་རྒྱུན་སྲེང་མཁན། དཔེར་ན་བོད་ཀྱི་རྩ་དོན་ཐད་ལུས་ངག་ཡིད་གསུམ་གྱིས་ལས་དོན་གཉེར་ནས་དུས་ཡིན་ག་ཚོད་ཕྱིན་ཡོད་མེད་དང་། མ་འོངས་པར་མུ་མཐུད་ཕྱག་ལས་དེ་ལྟར་རམ་སྔར་ལྷག་གནང་ཐུབ་པའི་གདེང་སྤོབས། གྲུབ་འབྲས་ཀྱི་ཐད་ནས་ཆེད་ལས་རང་བཞིན་གྱི་ཐོག་དང་། བོད་རིགས་གཞོན་སྐྱེས་ཤིག་གི་ངོས་ནས་སྤྱི་ཚོགས་ཀྱི་གནས་བབ་གང་འདྲ་ཞིག་ཟིན་ཡོད་མེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་གནས་བབ་གང་འདྲ་ཟིན་ཡོད་མེད་སོགས་ལ་གཞི་བཞག་པའི་ཐོག་ནས་ཆེས་འོས་ཤིང་འཚམ་པའི་གཞོན་སྐྱེས་༼སྐབས་འདིར་མཐའ་མའི་འོས་མི་ལྔ་ལས༽ཤིག་སླེབས་ཐུབ་པར་ཀུན་གྱིས་ཡིད་གཟབ་དང་དགོངས་པ་བཞེད་གལ་ཆེ།

དེ་མིན་གཞན་སྐད་འཕྲིན་ཚོགས་པ་དབུས་གཙང་ཡར་རྒྱུས་ཞེས་པ་རེད་ཟེར་བ་དང་ངོ་དེབ་ཀྱི་ཚོགས་པ་རེ་ཟུང་གིས་སྤེལ་བ་རེད་ཟེར་བའི་སྒྲ་སྒམ་དེ་འདྲ་སྤྱི་ཚོགས་དྲ་ལམ་ཐོག་བཀྲམ་པའི་ནང་སྔོན་མའི་བཀའ་སྤྱིའི་འོས་བསྡུ་སྐབས་ཀྱི་གནས་སྟངས་ཇི་བཞིན། ཐེངས་འདིར་ཡང་གང་ཟག་བྱེ་བྲག་པ་ཞིག་ཆེད་དུ་ཕམ་ཉེས་གཏོང་རྒྱུ་ཁོ་ན་ལས། གང་ཟག་སོ་སོའི་ཤེས་འཇོན་གྲུབ་འབྲས། ཆོད་སེམས་བློས་གཏོང་སོགས་ལ་མ་བལྟས་པར་དཀྲོགས་རྐྱེན་སྣ་ཚོགས་བཟོས་ཏེ། སོ་སོ་ལ་རྒྱས་མངའ་ཡོད་མེད་དང་གཞོན་སྐྱེས་ཚོའི་ཡར་སྐུལ་གྱི་སེམས་ཁམས་ལ་ཕོག་ཐུག་འགྲོ་མིན། སྤྱི་ཚོགས་ལ་བརྡབ་བསིག་ཐེབས་མིན། གོ་སྒྲིག་བྱེད་མཁན་སློབ་མ་ཚོའི་ཕུགས་རེ་ལ་འགོག་རྐྱེན་ཡོང་མིན་སོགས་ལ་བསམ་ཤེས་གང་ཡང་མེད་པར། གཞོན་སྐྱེས་འདི་འགོག་ཆེད་དེར་འོས་འཕེལ་དགོས་པའི་གྲོས་བསྡུར་རྒྱུད་སྐུལ་རིགས་སྣ་ཚོགས་ཤིག་བྱེད་ཀྱིན་པ་ནི། དངོས་གནས་བློ་ཕམ་ཡིད་ཆད་ཀྱི་གནས་ལས་མ་འདུས།

ཡང་ཅིག་བཤད་ན། བྱེད་སྟངས་དེ་ནི་ཁོ་ཚོས་འོས་འཕེན་སའི་གང་ཟག་རང་ལ་ཡང་འགན་མ་ཁུར་པ་དང་། རྐང་པ་ནས་འཐེན་པའི་བྱེད་སྟངས་ཤིག་ཏུ་འགྱུར་ངེས། གལ་སྲིད་བྱེད་སྟངས་ལས་སྟངས་དེ་འདྲ་ཞིག་གི་འོག་ནས་ཁོ་རང་ཚོའི་འོས་འཕེན་ས་དེར་གཟེངས་རྟགས་ཐོབ་པའི་དབང་དུ་བཏང་ཡང་། དེ་ནི་དམངས་སེམས་ཕྱོགས་པའི་རྒྱལ་ཁ་ཞིག་མ་ཡིན་པར་དྭངས་གཙང་ལྷད་མེད་ཀྱི་གཞོན་སྐྱེས་གང་ཉིད་སྤྱི་ཚོགས་ལ་ཞུགས་མ་ཐག་ནས་རྙོག་འཛིང་གི་གཡོ་ཐབས་ཁྲོད་དེད་སོང་པ་མ་ཟད། གང་ཟགས་ཁོང་གིས་དེ་ལྟར་གཟེངས་རྟགས་ཐོབ་པ་ཤེས་ཚོར་བྱུང་རྗེས་ཚེ་གང་བོར་རང་ཉིད་གཞན་གྱི་བཀོལ་ཇུས་འོག་ཤོར་ཟིན་པའི་གནོང་འགྱོད་ཅིག་འཁུར་དགོས་སྲིད།།

 

Share this:
༡༦༣༣ ཀློག་གྲངས།