རྒྱལ་ཁབ་༢༢ཀྱིས་ཡུ་གུར་དུ་བཀག་ཉར་ལས་འགུལ་མཚམས་འཇོག་དགོས་སྐོར་བརྗོད་འདུག

ཐེངས་དང་པོར་རྒྱལ་སྤྱིའི་རྒྱལ་ཁབ་རྣམས་ཀྱིས་མཉམ་རུབ་ཐོག་ནས།རྒྱ་ནག་གཞུང་གིས་ཡུ་གུར་ཁུལ་དུ་ཡུ་གུར་ཁ་ཆེ་དང་ཁ་ཆེ་གཞན་རྣམས་ཁྲིམས་འགལ་ཐོག་ནས་བཀག་ཉར་བྱེད་པའི་ལས་འགུལ་དེ་མཚམས་འཇོག་དགོས་པའི་ཡི་གེ་ཞིག་ལ་མིང་རྟགས་བཀོད་ནས།མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ལ་སྤྲད་ཡོད་འདུག་ཀྱང་། རྒྱ་ནག་གི་རྒོལ་ལན་ལ་སྐྲག་ནས་ཡི་གེ་དེའི་ཐོག་ལྷན་ཚོགས་ནང་གྲོས་ཆོད་འཇོག་ཐབས་བྱས་མེད་འདུག

ཟླ་༧ པའི་ཚེས་༡༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ།རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གིས་ཡུ་གུར་ས་ཁུལ་དུ་མི་མང་ས་ཡ་༢ལྷག་ཁྲིམས་འགལ་ཐོག་ནས་འཇུ་བཟུང་བཀག་ཉར་བྱས་དང་བྱེད་བཞིན་པའི་གནས་ཚུལ་ཐོན་ཡོད་ཀྱང་། རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་ཀྱི་ཡོད་པར་བསྒྲགས་རྒྱལ་ཁབ་ཚོས་སྐྱོན་བརྗོད་ཙམ་ལས་ནུས་པ་ཐོན་པའི་ལས་འགུལ་གང་ཡང་བྱས་མྱོང་མེད་ཁར།ཐེངས་འདིར་ཟླ་༧པའི་ཚེས་༨ཉིན་དབྱིན་ཡུལ་དང་ཧྥ་རན་སི།འཇར་མན། སུད་སི་སོགས་ཡུ་རོབ་ཀྱི་རྒྱལ་ཁབ་༡༨དང་། ཁེ་ན་ཌ། ཨོ་སི་ཀྲོ་ལི་ཡ།ཉི་ཧོང་།ནིའུ་ཛི་ལན་ཌ་བཅས་རྒྱལ་ཁབ་༢༢ཀྱི་མིང་རྟགས་འཁོད་པའི་ཡི་གེ་ཞིགམཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོར་སྤྲད་ཡོད་འདུགཡི་གེ་དེའི་ནང་རྒྱ་ནག་གཞུང་ནི་མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཡིན་པས།རྒྱལ་ནང་གི་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལ་འགན་ཁུར་པའི་ཐོག་ནས། ཡུ་གུར་ས་ཁུལ་དུ་ཡུ་གུར་ཁ་ཆེ་དང་ཁ་ཆེ་གཞན་རྣམས་ཁྲིམས་འགལ་ཐོག་ནས་བཀག་ཉར་དང་། དོ་དམ་ཞིབ་བཤེར་བྱེད་པའི་ལས་འགུལ་མཚམས་འཇོག་དགོས་པའི་རེ་སྐུལ་བྱས་ཡོད་འདུགདེ་བཞིན་མཉམ་འབྲེལ་་རྒྱལ་ཁབ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚུད་པའི་རང་དབང་ལྡན་པའི་རྒྱལ་སྤྱིའི་ཆེད་ལས་པའི་རུ་ཁག་གཅིགཡུ་གུར་དུ་རྟོག་ཞིབ་ཆེད་འགྲོ་འཇུག་དགོས་པའི་རེ་སྐུལ་བྱས་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་རྣམས་ཀྱིས་ལྷན་ཚོགས་ནང་དུ་ཡུ་གུར་གྱི་གནད་དོན་ཐོག་གྲོས་ཆོད་ཡོང་བའི་རེ་བ་བྱས་ཡོད་ཀྱང་། རྒྱལ་ཁབ་༢༢ཀྱི་ཡི་གེ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ལ་སྤྲད་པ་ལས། ལྷན་ཚོགས་འཚོག་བཞིན་པའི་སྐབས་སུ་སྒྲོགས་སྦྱང་བྱེད་པ་དང་དེའི་ཐོག་གྲོས་ཆོད་འཇོག་ཆེད་དུ་གྲོས་འཆར་འདོན་མཁན་བྱུང་མེད་འདུགདེ་ཡང་རྒྱལ་ཁབ་དེ་དག་གིས་གལ་ཏེ་དེ་ལྟར་བྱས་ཚེ། རྒྱ་ནག་གཞུང་ནས་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཐོག་ནས་རྒོལ་ལན་སློག་པར་ཞེད་སྣང་བྱས་པ་ཡིན་པ་དང་། རྒྱལ་ཁབ་སུ་གང་གིས་ལས་འགུལ་དེའི་འགོ་ཁྲིད་བྱས་ཏེ་བསྒྲགས་གཏམ་སྤེལ་བ་དང་གྲོས་ཆོད་འཇོག་ཐབས་བྱེད་འདོད་མེད་པ་ཡིན་སྐོར་བརྒྱུད་ལམ་ཁག་ཏུ་བཀོད་འདུགརྒྱལ་ཁབ་དེ་དག་གི་སྐུ་ཚབ་གཅིག་གིས།ཡི་གེ་དེ་ནི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་མཉམ་རུབ་ཀྱི་ལས་འགུལ་དང་པོ་ཞིག་ཡིན་པ་དང་། ལྷན་ཚོགས་ནང་དུ་གྲོས་ཆོད་འཇོག་རྒྱུའི་བསམ་བློ་ཐོག་མར་མེད་སྐོར་བརྗོད་འདུག སྐུ་ཚབ་གཞན་ཞིག་གིས་དེ་ནི་གཞུང་འབྲེལ་གྱི་ལས་འགུལ་ཞིག་རེད། གང་ཡིན་ཟེར་ན་ཡི་གེ་དེ་ལྷན་ཚོགས་ཀྱི་གཞུང་འབྲེལ་ཡིག་ཆའི་ནང་འཁོད་ཀྱི་རེད།དེ་ནི་བརྡ་ལན་ཞིག་རེད་ཅེས་བརྗོད་པ་དང་། རྒྱ་ནག་གཞུང་གི་སྐུ་ཚབ་ཀྱིས་ཡི་གེ་དེར་རྒོལ་ལན་ཆེད་དུ་ཡི་གེ་ཞིག་གྲ་སྒྲིག་བྱེད་བཞིན་ཡོད་འདུག

ཁ་ཆེ་མང་མོས་ཡིན་པའི་ཏུར་ཀི་རྒྱལ་ཁབ་ཀྱིས་དེ་སྔོན་ཡུ་གུར་བ་བཀག་ཉར་ལས་འགུལ་དེར་སྐྱོན་བརྗོད་བྱས་ཡོད་ཀྱང་།རྒྱལ་ཁབ་དེའི་སྲིད་འཛིན་ཟླ་༧པའི་ནང་རྒྱ་ནག་ཏུ་སྐོར་བསྐྱོད་ལ་སོང་རྗེས། ཡུ་གུར་གྱི་བཀག་ཉར་ཁང་གི་གནད་དོན་དེ་བེད་ལོག་བྱེད་མི་ཉན་སྐོར་བརྗོད་ཡོད་པས།ཐེངས་འདིའི་ཡི་གེར་མིང་རྟགས་བཀོད་མཁན་ཁྲོད་ཁ་ཆེ་མང་མོས་ཡིན་པའི་རྒྱལ་ཁབ་གཅིག་ཀྱང་མེད་འདུག

རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༧ལོའི་མགོ་སྟོད་ནས་ད་བར་ཡུ་གུར་མི་རིགས་གཙོས་པའི་ཁ་ཆེ་མི་རིགས་ས་ཡ་༢ལྷག་བཀག་ཉར་བྱས་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད་པ་དང་། བཀག་ཉར་ཁང་དེ་དག་ནང་དུ་སྡོད་མྱོང་མཁན་ཚོས་བཀག་ཉར་ཁང་དེ་དག་ནང་དུ་བཙོན་ཁང་གི་གནས་སྟངས་ལྟར་སྡོད་བཅུག་གི་ཡོད་ཁར།རྒྱ་ནག་གཞུང་གི་དྲིལ་བསྒྲགས་སློབ་ཚན་བསྐྱར་ནས་ཡང་དུ་སྦྱང་དགོས་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད། རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གི་ལས་འགུལ་དེར་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་ཀྱང་།ལས་འགུལ་དེ་ལ་བརྟེན་ནས་རྒྱ་ནག་ལ་དཔལ་འབྱོར་ཉེས་ཆད་སོགས་ཀྱི་གནོན་ཤུགས་སྤྲོད་མཁན་རྒྱལ་ཁབ་གཅིག་ཀྱང་བྱུང་མེད་ཁར།མཉམ་འབྲེལ་རྒྱལ་ཁབ་ནས་གནད་དོན་དེའི་ཐད་སྐྱོན་བརྗོད་དང་སྙན་ཐོ་ཙམ་ལས་གྲུབ་འབྲས་ཐོན་པའི་ལས་འགུལ་གང་ཡང་སྤེལ་མེད་པ་རེད།

རྒྱ་ནག་གཞུང་གིས་བཀག་ཉར་ཁང་དེ་དག་ནི་ལག་ཤེས་སྦྱོང་བརྡར་ཁང་ཡིན་ཁར།དེའི་ནང་ཁ་ཆེའི་ཆོས་ལུགས་ཀྱི་ལྟ་མཁྲེགས་རིང་ལུགས་མེད་པ་བཟོ་ཡི་ཡོད་སྐོར་དང་། བཀག་ཉར་གྱི་ལས་འགུལ་དེ་འགོ་བཙུགས་ནས་བཟུང་ཡུ་གུར་ས་ཁུལ་དུ་འཇིགས་སྐུལ་རིང་ལུགས་པའི་དྲག་རྒོལ་ཆེན་པོ་གང་ཡང་བྱུང་མེད་སྐོར་བསྒྲགས་བཞིན་འདུག།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༡༢༨ ཀློག་གྲངས།