རྒྱ་ནག་གི་དགག་བྱ་བྱས་མིན་ལ་མ་ལྟོས་པར་ཐའེ་ཝན་གྱི་སྲིད་འཛིན་ཨ་རིར་འབྱོར་འདུག

རྒྱ་ནག་གཞུང་གིས་ཨ་རིར་ཐའེ་ཝན་གྱི་སྲིད་འཛིན་ཚེ་ཡེ་ཝན་གྱི་ཨ་རིར་སྐོར་བསྐྱོད་དེ་བཀག་སྡོམ་བྱེད་དགོས་སྐོར་བརྗོད་ཡོད་ཀྱང་།ཨ་རིས་ཁས་ལེན་བྱས་མེད་པས།ཁོང་སྲིད་འཛིན་ཆགས་རྗེས་ཐེངས་དང་པོར་ཨ་རིར་གཞུང་འབྲེལ་ཐོག་ནས་སླེབས་ཡོད་འདུག

ཟླ་༧པའི་ཚེས་༡༢ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ།ཟླ་༧པའི་ཚེས་༡༡ཉིན་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་ཡེ་ཝན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་འབྱོར་འདུག་པ་དང་།གྲོང་ཁྱེར་དེ་གར་ཐའེ་ཝན་གྱི་དོན་གཅོད་ཁང་ཡོད་འདུགཁོང་མགྲོན་ཁང་དུ་སླེབས་སྐབས་ཕྱི་ལོགས་སུ་ཨ་རིའི་མི་སེར་ཡིན་པའི་ཐའེ་ཝན་མི་རིགས་མང་པོ་ཞིག་དགའ་བསུ་བྱེད་པར་སླེབས་ཡོད་ཁར།ཁོང་ལ་ངོ་རྒོལ་བྱེད་མཁན་རྒྱ་རིགས་ཉུང་ཤས་ཤིག་ཀྱང་སླེབས་ཡོད་འདུགསྲིད་འཛིན་ཁོང་མགྲོན་ཁང་དུ་མ་འབྱོར་བའི་སྔོན་དུ་མི་ཚོགས་མི་འདྲ་བ་གཉིས་ཁྲོད་ནས་ཁག་ཅིག་བར་འཛིངས་རེས་ཤོར་འདུག་པ་དང་།ཉེན་རྟོག་པས་བར་འདུམ་བྱེད་དགོས་འཁེལ་ཡོད་འདུག

ཐའེ་ཝན་གྱི་དོན་གཅོད་ཁང་དུ་ཐའེ་ཝན་རྒྱལ་ཁབ་གཅིག་ཏུ་ངོས་འཛིན་གྱིས་འབྲེལ་ལམ་ཉར་མཁན་གྱི་རྒྱལ་ཁབ་༡༧ཡོད་པ་རྣམས་ཀྱི་མཉམ་འབྲེལ་རྒྱལ་ཁབ་སྐུ་ཚབ་རྣམས་དང་ཐུག་འཕྲད་བྱས་ཏེ།ཁོ་ཚོའི་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུས་ནས།ཐའེ་ཝན་ལ་སུ་གང་གིས་འཇིགས་སྐུལ་བྱེད་ཐུབ་ཀྱི་མ་རེད་ཅེས་བསྐྱར་དུ་ནན་བརྗོད་བྱེད་འདོད་བྱུང་སྐོར་བརྗོད་འདུགཁོང་དེ་སྔོན་ཐའེ་ཝན་ནས་ཨ་རིར་མ་ཐོན་པའི་སྔོན་དུ་ཡང་སྐད་ཆ་དེ་བཤད་ཡོད་ཁར།རང་དབང་དང་མང་གཙོ།རྒྱུན་གནས་བཅས་ཐའེ་ཝན་གྱི་རིན་ཐང་གི་ལྟ་བ་རྣམས།འཛམ་གླིང་ནང་གི་ཐའེ་ཝན་གྲོགས་པོ་རྣམས་དང་མཉམ་སྤྱོད་བྱེད་འདོད་ཡོད་སྐོར་བརྗོད་འདུག

ཐེངས་འདིར་ཁོང་གི་ཉིན་གྲངས་༡༢ཀྱི་སྐོར་བསྐྱོད་ནང་དུ་ཨ་རིར་ཐའེ་ཝན་དང་ཨ་རིའི་ཚོང་དོན་སྐུ་ཚབ་བར་ལྷན་ཚོགས་དང་།ཐའེ་ཝན་མི་མང་དང་མཉམ་དུ་དགོང་དྲོའི་ཁ་ལག་སོགས་ཉིན་གྲངས་༤རིང་སྡོད་རྒྱུ་དང་།དེ་རྗེས་ཐའེ་ཝན་ངོས་འཛིན་དང་འབྲེལ་ལམ་ཉར་མཁན་ཁཱེ་རི་བྷན་མཚོ་ཁུལ་གྱི་རྒྱལ་ཁབ་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ཏུ་སྐོར་བསྐྱོད་བྱེད་རྒྱུ་ཡིན་འདུགརྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་ཐའེ་ཝན་དང་འབྲེལ་ལམ་ཉར་མཁན་རྒྱལ་ཁབ་ཚོར་དངོས་ཤུགས་བརྒྱུད་གསུམ་གྱིས་དཔལ་འབྱོར་སོགས་ཀྱི་གནོན་ཤུགས་སྤྲད་ནས།འབྲེལ་ལམ་བཅད་དུ་བཅུག་གི་ཡོད་པ་ལྟར།ཁོང་གི་སྐོར་བསྐྱོད་དེ་ཤིན་ཏུ་གལ་ཆེན་ཆགས་ཀྱི་ཡོད་འདུག

སྤྱིར་བཏང་ཁོང་དེ་སྔོན་ཨ་རིར་སླེབས་མྱོང་ཡོད་ཀྱང་།ཐེངས་འདིའི་སྐོར་བསྐྱོད་དེ་ཕྱི་ལོ་༢༠༡༦ལོར་ཁོང་སྲིད་འཛིན་དུ་འདེམས་ཐོན་བྱུང་རྗེས་ཀྱི་ཨ་རིར་སྐོར་བསྐྱོད་ཐེངས་དང་པོ་ཡིན་འདུགརྒྱ་ནག་གཞུང་གིས་ཨ་རིར་ཁོང་གི་སྐོར་བསྐྱོད་དེར་ཆོག་མཆན་སྤྲོད་མི་རུང་སྐོར་བརྗོད་ཡོད་ཀྱང་།ཨ་རིས་ཁས་ལེན་བྱས་མི་འདུགཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ལྕམ་ཚེ་ཡེ་ཝན་གྱི་སྐོར་བསྐྱོད་དེ་སྒེར་གྱི་སྐོར་བསྐྱོད་ཡིན་པ་ལས་གཞུང་འབྲེལ་མིན་སྐོར་དང་།ཁོང་ལ་ཕེབས་བསུ་ཞུ་མཁན་ནི་ཐའེ་ཝན་དུ་ཡོད་པའི་ཨ་རིའི་རིག་གཞུང་ལྟེ་གནས་ཁང་གི་འགན་འཛིན་ཡིན་སྐོར་བརྗོད་ནས།ཨ་རིའི་གནད་ཡོད་མི་སྣ་གཞན་གྱིས་ཁོང་དང་ཐུག་འཕྲད་བྱེད་རྒྱུ་ཡིན་མིན་སྐོར་གསར་འགོད་པས་དྲིས་སྐབས།ལན་འདེབས་གང་ཡང་བྱས་མེད་འདུག

དེ་སྔོན་ཕྱི་ལོ་༢༠༠༢ནས་༢༠༠༦བར་ཐའེ་ཝན་དུ་ཨ་རིའི་སྐུ་ཚབ་ཀྱི་ལས་འགན་འཁུར་མྱོང་མཁན་ཌོག་གྷེ་ལསི་པཱལ་གྱིས།ཐེངས་འདིར་ལྕམ་ཚེ་ཡེ་ཝན་ཨ་རིར་ཉིན་མ་མང་པོ་སྡོད་ཆོག་པ་ཆགས་པ་དེ།ཊོམ་སྲིད་གཞུང་གིས་ཁོང་གི་རྒྱ་ནག་ལ་ཁ་གཏད་གཅོག་སྟངས་དེར་ངོས་ལེན་བྱེད་ཀྱི་མེད་པའི་བརྡ་ལན་ཞིག་ཡིན་པ་དང་།ད་ལྟའི་ཆར་ཊོམ་སྲིད་གཞུང་གིས་དེ་སྔོན་ནས་ཨ་རིས་ཐའེ་ཝན་ལ་འཛིན་པའི་སྲིད་བྱུས་དེར་འགྱུར་བ་ཆེན་པོ་ཞིག་བཏང་མེད་ཀྱང་།རྒྱ་ནག་དང་ཨ་རི་བར་གྱི་འབྲེལ་ལམ་ལ་ཉམས་རྒུད་སོང་ཚེ།སྲིད་བྱུས་དེར་འགྱུར་བ་ཆེན་པོ་འགྲོ་སྲིད་སྐོར་བརྗོད་འདུག

ཨ་རིས་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་ཁས་ལེན་གྱིས་ཐའེ་ཝན་དང་གཞུང་འབྲེལ་གྱི་འབྲེལ་ལམ་འཇོག་གི་མེད་ཀྱང་།ཐའེ་ཝན་ནང་དུ་རིག་གཞུང་ལྟེ་གནས་ཁང་གི་མིང་ཐོག་ནས་གཞུང་ཚབ་བཙུགས་ཡོད་པ་དང་།ཐའེ་ཝན་གོ་མཚོན་ཕོན་ཆེན་བཙོང་གི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༤༩༧ ཀློག་གྲངས།