ཨ་རིས་རྒྱ་ནག་ལ་ཨ་རིའི་ཞིང་ལས་ཐོན་རྫས་འདང་ངེས་ཤིག་ཉོ་ཡི་མེད་པའི་ཉེས་འཛུགས་བྱས་འདུག

ཟླ་འདི་ཚེས་༡༡ ཉིན་རྒྱལ་སྤྱིའི་གསར་ཁང་གྲགས་ཅན་<<དུས་བབ་དུས་དེབ་>>ཀྱི་དྲ་བའི་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལ། ཨ་རིའི་སྲིད་འཛིན་ཊོམ་ཕི་ཡིས་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གིས་འཕྲལ་དུ་ཨ་རིའི་ཞིང་ལས་ཐོན་རྫས་མ་ཉོས་ནས་“བློ་ཕམ་བྱུང་སོང”ཞེས་རྒྱ་ནག་ལ་ཉེས་འཛུགས་བྱས་འདུག 

ཁོས་ཐྲོས་ཐྲར་(Twitter)དྲ་བའི་ཐོག་ཏུ་“ཁོ་ཚོས་བཤད་པ་ལྟར་ང་ཚོའི་རླབས་ཆེན་ཞིང་པ་རྣམས་ཀྱི་ས་ནས་ཞིང་ལས་ཐོན་རྫས་ཉོ་ཡི་མི་འདུག ཁོ་ཚོས་མགྱོགས་མྱུར་ཉོ་འགོ་རྩོམ་པའི་རེ་བ་ཡོད”ཅེས་བཤད་འདུག 

ཟླ་གོང་མའི་ཟླ་མཇུག་ལ་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་བྱས་རྗེས། ཊོམ་ཕི་ཡིས་རྒྱལ་ཁབ་གཉིས་ཀྱི་ཚོང་དམག་གི་དམག་མཚམས་འཇོག་པའི་ཆ་ཤས་སུ་རྒྱ་ནག་གིས་ཨ་རིའི་ཞིང་ལས་ཐོན་རྫས་སྔར་བས་མང་བ་ཉོ་རྒྱུའི་མོས་མཐུན་བྱས་སོང་ཞེས་བརྗོད་ཡོད། དམག་མཚམས་འཇོག་པའི་གྲོས་མཐུན་དེས་རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་འཕར་མ་ཨ་སྒོར་ཐེར་འབུམ་༣༠༠ འཇལ་བའི་ཨ་རིའི་འཆར་གཞི་དེ་རེ་ཞིག་མེད་པ་བཟོས་ཡོད། (འཆར་གཞི་དེའི་ནང་རྒྱ་ནག་གི་དངོས་ཟོག་ཡོད་ཚད་ལ་སྒོ་ཁྲལ་འཇལ་དགོས།)

ཊོམ་ཕི་སྲིད་གཞུང་ནས་རྒྱ་ནག་གིས་གཡོ་ཁྲམ་གྱི་ཐབས་ལམ་(གལ་གནད་ཆེ་བའི་འཕྲུལ་ཆས་རྐུ་བ་དང་། ཨ་རིའི་བཟོ་གྲྭ་རྣམས་ལ་བཙན་གྱིས་ཚོང་ལས་ཀྱི་གསང་བ་རྩིས་སྤྲོད་བྱེད་དུ་འཇུག་པ་སོགས་འདུས་ཡོད།)བེད་སྤྱད་དེ་ཨ་རིའི་མཆོག་ཏུ་གྱུར་བའི་ཚན་རིག་ལག་རྩལ་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་ཉེས་འཛུགས་བྱས་པར་བརྟེན་ནས། ཨ་རི་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱིས་ཚོང་དམག་རྒྱག་བཞིན་ཡོད། 

དེ་ཡང་ཊོམ་ཕི་ཡིས་རྒྱ་ནག་གི་ཚོང་ཟོག་ལ་ཨ་སྒོར་ཐེར་འབུམ་༢༥༠ ཡི་སྒོ་ཁྲལ་འཇལ་བ་དང་། དེའི་ལན་དུ་པེ་ཅིང་ནས་ཨ་རིའི་ཚོང་ཟོག་ལ་ཨ་སྒོར་ཐེར་འབུམ་༡༡༠ ཡི་དཔྱ་ཁྲལ་བསྡུས་ཤིང་། ལྷག་ཏུ་སྲིད་འཛིན་ཊོམ་ཕི་ལ་རྒྱབ་སྐྱོར་བྱེེད་མཁན་གྱི་ཞིང་པ་མང་པོ་ཞིག་གིས་བཟོ་སྐྲུན་བྱས་པའི་ཞིང་ལས་ཐོན་རྫས་ལ་དམིགས་ནས་བསྡུས་ཡོད་པས། ཨ་རིའི་སྲིད་གཞུང་ནས་ཞིང་པ་ཚོའི་དཀའ་སྡུག་སེལ་སླད་ཨ་སྒོར་ཐེར་འབུམ་༢༧ སྐྱོབས་གསོར་བྱིན་ཡོད། 

ཟླ་གོང་མར་ཊོམ་ཕི་དང་ཞི་ཅིན་ཕིང་གཉིས་ཀྱིས་ཨ་རྒྱའི་གྲོས་མོལ་ཐེངས་༡༡ བྱུང་རྗེས་ཕྱི་ཟླ་༥ ནང་མཚམས་ཆད་པའི་གྲོས་མོལ་དེ་བསྐྱར་གསོ་བྱེད་པའི་མོས་མཐུན་བྱས་ཡོད་ཀྱང་། ད་ལྟའི་བར་རྒྱལ་ཁབ་གཉིས་ཀྱི་སྐུ་ཚབ་ཀྱིས་ཕན་ཚུན་ཁ་པར་བརྒྱུད་དེ་གླེང་མོལ་བྱས་པ་ལས། དངོས་སུ་གདོང་ཐུག་སྟེ་གླེང་མོལ་བྱེད་པའི་འཆར་གཞི་གསལ་བསྒྲགས་བྱས་མེད།

ཨ་རིས་རྒྱ་ནག་གི་འདོད་རྔམ་ཆེ་བའི་ཚོང་ལའི་ཆེན་པོ་དག་ལ་ཁ་གཏད་གཅོག་བྱེད་ཀྱི་སྲིད་བྱུས་དམ་པོ་བཟུང་བའི་ཐོག རྒྱ་ནག་ལ་ཨ་རིའི་ཚོང་ཟོག་མང་བ་ཉོ་རུ་བཅུག་སྟེ་ཨ་རྒྱའི་ཚོང་འབྲེལ་ལས་བྱུང་བའི་གྱོང་གུན་(ན་ནིང་ཨ་སྒོར་ཐེར་འབུམ་༣༨༡ བྱུང་བ་དེ་ཆེས་ཆེ་ཤོས་དེ་རེད།)ཁ་གསབ་བྱེད་འདོད་ཡོད་འདུག 

ཟླ་སྔོན་མར་རྒྱ་ནག་གི་སྐུ་ཚབ་ཟུར་པ་ཤའོ-ཕིན་(zhao Weiping)གྱིས་གྲོང་ཁྱེར་ནེའུ་ཡོག་ཏུ་གསར་འགོད་པ་ཚོར་”ཨ་རིས་ང་ཚོ་ལ་ཉོ་ཐུབ་པ་ལས་མང་བ་ཞིག་ཉོ་དགོས་ཟེར་གྱི་ཡོད་རེད་”ཅེས་བཤད་པའི་ཐོག “ང་ཚོ་དངོས་ཡོད་དང་མཐུན་པ་བྱེད་དགོས་”ཞེས་བསྣན་འདུག་ཀྱང་། ཨ་རིའི་རྒྱལ་ཡོངས་དཔལ་འབྱོར་ལྷན་ཁང་གི་དབུ་འཛིན་ལོ་རི-ཁོ་ཏྲི་ལོ་(Larry Kudlow)ཡིས་”ང་ཚོའི་ཕྱོགས་ནས་རྒྱ་ནག་གིས་ལམ་སེང་ཨ་རིའི་ཞིང་ལས་ཐོན་རྫས་དང་། འབྲུ་རིགས། ཚོང་ཟོག ཞབས་ཞུའི་ལས་རིགས་སོགས་ཉོ་རྒྱུར་སྒུག་བཞིན་ཡོད་”ཅེས་བཤད་ཡོད་གདའ། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༡༥༧༦ ཀློག་གྲངས།