རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་ཧ་ཅང་དལ་དུ་ཕྱིན་པ། 

ཟླ་འདིའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དེ་༡༩༩༠ གོ་གྲངས་ནས་བཟུང་བྱུང་མྱོང་མེད་པའི་དལ་དུ་ཕྱིན་པ་དང་། དེ་ལ་བརྟེན་ནས་རྒྱ་ནག་གི་འགོ་ཁྲིད་ཚོར་གནོན་ཤུགས་འཕར་མ་ཡོང་བཞིན་ཡོད་འདུག

དེ་ཡང་རེས་གཟའ་ཟླ་བའི་ཉིན་བཏོན་པའི་དཔལ་འབྱོར་སྙན་ཐོས་ནང་གསལ་པ་ལྟར་ན། རྒྱ་ནག་གི་འདི་ལོའི་དབྱར་ཟླ་གསུམ་(ཕྱི་ཟླ་བཞི་པ་དང་། ལྔ་པ། དྲུག་པ་བཅས་ཡིན་) གྱི་དཔལ་འབྱོར་འཕེལ་ཚད་དེ་བརྒྱ་ཆ་༦.༢ ཡིན་ཞིང་། དེ་ནི་ན་ནིང་གི་བརྒྱ་ཆ་༦.༤ ལས་མར་ཆག་ཡོད་པ་མ་ཟད། ༡༩༩༠ གོ་གྲངས་ནས་བཟུང་ཆེས་དམའ་ཤོས་དེ་ཆགས་ཡོད་འདུག 

རྒྱལ་སྤྱིའི་ཁྲོམ་རྭ་དཔྱད་ཞིབ་པ་ཨེ་ཌི་ཝར་ཌི-མོ་ཡ་(Edward Moya) ཡིས་”ཨ་རྒྱའི་ཚོང་དམག་གིས་རྒྱ་ནག་གི་དཔལ་འབྱོར་ལ་ཤུགས་རྐྱེན་ཤིན་ཏུ་ཆེན་པོ་ཐེབས་བཞིན་ཡོད། ཚོང་གི་གྲོས་མོལ་དོན་སྙིང་ལྡན་པ་ཞིག་ཡོང་དཀའ་བའི་སྐབས་འདིར། རྒྱ་ནག་གི་དཔལ་འབྱོར་ཕལ་ཆེར་མུ་མཐུད་ཉམས་འཆག་འགྲོ་རྒྱུ་རེད་”ཅེས་བཤད་འདུག 

ཊོམ་ཕི་དང་ཞི་ཅིན་ཕིང་གཉིས་ཀྱིས་ཟླ་གོང་མར་ཚོང་གི་གྲོས་མོལ་བསྐྱར་དུ་བྱེད་རྒྱུའི་མོས་མཐུན་བྱས་ཡོད་མོད། འོན་ཀྱང་རྒྱལ་སྤྱིའི་དཔལ་འབྱོར་མཁས་པ་ཚོས་ཕྱོགས་གཉིས་ཀར་མི་མཐུན་པའི་ཆ་མང་བས། ཚོང་དམག་གི་མཚམས་བཞག་པ་དེ་བརྟན་པོ་མིན་པའི་ཉེན་བརྡ་སྟོན་གྱི་ཡོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༡༦༥༤ ཀློག་གྲངས།