བོད་ཀྱི་རྒྱལ་དར་གཏན་འཇགས་སྒྲེང་འཛུགས་བྱས་འདུག 

ཨི་ཊ་ལིའི་གྲོང་ཁྱེར་ཞིག་གི་ཞི་བདེའི་དྲིལ་བུ་ཟེར་བའི་ཁུལ་དུ། རྒྱལ་སྤྱིའི་རྒྱལ་ཁབ་གཞན་གྱི་རྒྱལ་དར་གཏན་འཇགས་སྒྲེང་འཛུགས་བྱས་ཡོད་པ་དང་། ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ཁུལ་དེར་ཕེབས་པ་དང་བསྟུན། གྲོང་ཁྱེར་གྱི་མཐོ་རིམ་ལས་བྱེད་དང་མཉམ་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོར་མཉམ་ཞུགས་བྱས་ཡོད་འདུག 

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ཟླ་༧ པའི་ཚེས་༦ ཉིན་རྒྱབ་ནས་ཚེས་༡༣ བར་ཨི་ཊ་ལིར་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་ལྟར། ཚེས་༡༢ ཉིན་ཨི་ཊ་ལིའི་རང་སྐྱོང་མངའ་ཁུལ་ཊེ་རན་ཊི་ནོ་(Trentino) ཡི་གྲོང་ཁྱེར་རཱོ་ཝིར་རི་ཊོ་(Rovereto) ནང་དུ་ཕེབས་ནས། ཁུལ་དེའི་ཞི་བདེ་གོང་འཕེལ་གྱི་མཚོན་དོན་ཞི་བདེའི་དྲིལ་བུ་ཞེས་པའི་ས་ཚིགས་སུ། གྲོང་ཁྱེར་གྱི་གྲོས་ཚོགས་གོང་མའི་འཐུས་མི་དང་སྤྱི་ཁྱབ་པ་མཉམ་དུ། དྲིལ་བུ་དཀྲོལ་བ་དང་བོད་ཀྱི་རྒྱལ་དར་རྒྱལ་སྤྱིའི་རྒྱལ་ཁབ་གཞན་༡༩༥ ཡོད་པ་དང་མཉམ་དུ་གཏན་འཇགས་སྒྲེང་འཛུགས་ཀྱི་མཛད་སྒོར་མཉམ་ཞུགས་གནང་ཡོད་འདུག སྲིད་སྐྱོང་གིས་གྲོང་ཁྱེར་དེས་བོད་ཀྱི་རྒྱལ་དར་གཏན་འཇགསསྒྲེང་འཛུགས་ཀྱིས་སྙིང་སྟོབས་ལྡན་པའི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བར་བསྔགས་བརྗོད་ཡོད་པ་དང་། བོད་ནང་དེ་ལྟར་བྱས་ཚེ་ཁྲིམས་འགལ་ཆགས་ཀྱི་ཡོད་སྐོར་གསུངས་འདུག ཕྱི་ལོ་༢༠༡༡ ལོར་༧གོང་ས་མཆོག་ཞི་བདེ་དྲིལ་བུའི་ས་ཚིགས་སུ་ཆིབས་བསྒྱུར་བསྐྱངས་ཡོད་འདུག 

ཚེས་༡༡ ཉིན་སྲིད་སྐྱོང་མཆོག་ཨི་ཊ་ལིའི་རང་སྐྱོང་མངའ་ཁུལ་ལྷོ་ཊི་རོལ་གྱི་རྒྱལ་སར་ཕེབས་ནས། ཁུལ་དེའི་སྲིད་སྐྱོང་དང་ཐུག་འཕྲད་གནང་ནས། རྒྱ་ནག་གཞུང་གིས་ཨི་ཊ་ལིའི་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་གོང་འཕེལ་གྱི་གནས་བབ་ལ་མིག་དཔེ་བཟུང་ནས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་སྤྲད་དགོས་པ་གསུངས་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱར་བཀོད་འདུག དེ་བཞིན་རྒྱལ་སར་རྟེན་གཞི་བྱས་པའི་ཡུ་རོབ་ཀྱི་ཤེས་ཡོན་བསྟི་གནས་ཁང་ (European Academy of Bolzano,(EURAC) གི་ཉམས་ཞིབ་པ་དང་ལས༌བྱེད། སློབ་མ་བཅས་ལ་འཛམ་གླིང་རྒྱལ་ཁབ་ཚོས་རྒྱ་ནག་དང་འབྲེལ་བ་བྱེད་སྐབས།  ལོ་རྒྱུས་ཐོག་བོད་ལ་གང་བྱུང་བ་དེ་དག་ལས་བློ་སྐྱེད་མང་པོ་ཞིག་ལེན་ཐུབ་རྒྱུ་དང་།  ལྷག་པར་ཉེ་ལམ་ཨི་ཊ་ལི་སྲིད་གཞུང་གིས་རྒྱ་ནག་གཞུང་དང་ལྷན།  རྒྱུད་གཅིག་ལམ་གཅིག་ཟེར་བའི་ཚོང་འབྲེལ་གན་རྒྱར་མིང་རྟགས་བཀོད་ཡོད་སྟབས།  བོད་ལ་གང་བྱུང་བ་དེ་དག་ལ་བསམ་བློ་བཏང་ནས་གཟབ་གཟབ་བྱེད་རྒྱུ་གལ་ཆེ་ཡིན་པ་དང་། “ང་རང་འདིར་ཁྱེད་ཚོར།  བོད་དོན་རྒྱབ་སྐྱོར་མུ་མཐུད་གནང་རོགས་ཞེས་འབོད་སྐུལ་ཞུ་ཆེད་ཡོང་བ་ཡིན།  འོན་ཀྱང་ཁྱེད་ཚོས་ཀྱང་རྒྱ་ནག་དང་ལྷན་ཚོང་གི་འབྲེལ་ལམ་གསར་པ་ཞིག་འགོ་འཛུགས་བྱས་ཡོད་སྟབས།  ངས་ཁྱེད་ཚོར་ངེས་པར་གཟབ་གཟབ་བྱེད་རོགས་ཞེས་ཞུ་རྒྱུ་ཡིན་”ཞེས་སོགས་གསུངས་ཡོད་འདུག།ཤེས་ཡོན་བསྟི་གནས་ཁང་དེ་དང་བོད་མིའི་སྒྲིག་འཛུགས་དབར་ཤེས་ཡོན་བརྗེ་ལེན་སྤེལ་རེས་བྱས་ནས་ད་བར་ལོ་ངོ་༢༥ ཕྱིན་ཡོད་འདུག 

དེ་བཞིན་སྲིད་སྐྱོང་གི་ཕྱོགས་ཕེབས་སྐབས་སུ་ཚེས་༡༠ ཉིན་ཨི་ཊ་ལིའི་གྲོང་གསེབ་ཁེ་ནོ་ས་Canossa ཞེས་པར་༧གོང་ས་མཆོག་ཆིབས་བསྒྱུར་བསྐྱངས་ནས་ལོ་༢༠ འཁོར་བའི་དུས་དྲན་དུ་མགྲོན་འབོད་ལྟར་ཕེབས་འདུག སྐབས་དེར་གྲོང་སྡེའི་སྤྱི་ཁྱབ་(Luca Bolondi) ཡིས་སྲིད་སྐྱོང་ལ་དགའ་བསུའི་འཚམས་འདྲི་ཞུས་པ་སྦྲགས། ཁུལ་དེ་ནི་ལོ་རྒྱུས་ཐོག་འབྲེལ་མོལ་བྱེད་སའི་ས་ཁུལ་གལ་ཆེ་ཞིག་ཡིན་སྐོར་དང་།  དཔེར་ན། དེ་སྔོན་ཡི་ཤུའི་བླ་ཆེན་(Pope Gregory VII ) དང་དབྱིན་ཡུལ་གྱི་རྒྱལ་པོ་(Henry IV) གཉིས་དབར་མི་མཐུན་པའི་དཀའ་ངལ་རྣམས་ས་གནས་དེར་འབྲེལ་མོལ་ལམ་ནས་སེལ་ཐབས་བྱས་ཡོད་སྐོར་སོགས་བརྗོད་པ་དང་འབྲེལ་ནས་འབྱུང་འགྱུར་བོད་རྒྱ་གྲོས་མོལ་བསྐྱར་གསོའི་ཆེད་ས་གནས་ཀྱི་མཐུན་འགྱུར་ཞུ་ཆོག་སྐོར་གསུངས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༣༡༧ ཀློག་གྲངས།